ཤིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་དབྱི་རན་གྱི་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ་པུའུ་ཀྲང་ལི་ས ·ཐ་ཅི་ཕུ་ཨར་གྱིས་ཐེ་ཧེ་རན་དུ་དབྱི་རན་གྱི་རང་བརྟེན་ངང་ཞིབ་འཇུག་གསར་སྤེལ་བྱས་པའི “རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བར ”ཉེ་དུས་ཚོད་ལྟ་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་གནང་བ་རེད།
དབྱི་རན་གྱི “རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བ ”དེ་ནི་དབྱི་རན་གྱི་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ་པུའུ་ཡིས་སྣེ་འཁྲིད་ནས་གསར་སྤེལ་བྱས་པ་ཞིག་ཡིན་པ་དེས “དྲ་སྦྲེལ་དྲ་བའི་གྲོས་དོན ”གྱི་ཇུས་འགོད་ལ་གཞིགས་ནས་གྲངས་གཞི་བརྒྱུད་གཏོང་བྱེད་ཚད་མགྱོགས་ཤོས་ལ་སྐར་ཆ་རེར་ཡིག་ཚིགས་ཀྲའོ་བརྒྱད་སྟོང་ཟིན་གྱི་ཡོད་པ་རེད། གཞན་ཡང་དབྱི་རན་གྱིས་ད་དུང་སང་ལོའི་ལོ་སྟོད་དུ་དྲ་སྦྲེལ་དྲ་བའི་འཚོལ་ཞིབ་སྒུལ་བྱེད་འཕྲུལ་འཁོར་ཞིག་འདོན་རྒྱུའི་འཆར་གཞི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་རན་གྱི་“རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བ ”དེར “གཙང་ལྡན་དྲ་བ ”ཞེས་སླར་ཡང་བརྗོད་པ་དེའི་དམིགས་ཡུལ་ནི་དབྱི་རན་རང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི “རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བས ”རྒྱལ་སྤྱིའི་དྲ་སྦྲེལ་དྲ་བའི་ཚབ་བྱེད་རྒྱུ་དེ་ཡིན་པ་རེད། དབྱི་རན་སྲིད་གཞུང་གིས “རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བ ”དེས་འཛད་སྤྱོད་པའི་མ་གནས་གྲོན་ཆུང་བྱེད་ཐུབ་པ་མ་ཟད་ད་དུང་དབྱི་སི་ལམ་གྱི་མི་ཆོས་དང་ཀུན་སྤྱོད་ཀྱི་ཚད་གཞི་སྲུང་སྐྱོང་བྱ་རྒྱུར་ཕན་པའང་ཡོད་ཅེས་བཤད་པ་རེད།
དབྱི་རན་གྱི “རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བ ”འཛུགས་རྒྱུའི་བསམ་ཚུལ་ནི་དེ་སྔོན་ནས་ཡོད་པ་རེད། 2005ལོར་ཙུང་ཐུང་ཨེ་ཧ་མའེ་ཏི ·ནེ་ཅ་ཏིས་སྲིད་སྐྱོང་བ་ནས་བཟུང་དབྱི་རན་གྱིས་དྲ་སྦྲེལ་དྲ་བ་རང་ཡུལ་ཅན་དུ་འགྱུར་རྒྱུའི་ཐ་སྙད་དེ་བཏོན་གནང་བ་རེད། 2010ལོའི་ཟླ་བ་བཅུ་གཉིས་པར་ཐ་ཅི་ཕུ་ཨར་གྱིས “རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བ ”འཛུགས་རྒྱུའི་བསམ་ཚུལ་དེ་དངོས་སུ་བཏོན་གནང་བ་རེད། བསམ་ཚུལ་དེར་གཞིགས་ནས་དབྱི་རན་གྱིས་2013ལོའི་གོང་དུས་མཚམས་དབྱེ་ནས “རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བ ”ཁྱབ་གདལ་དུ་གཏོང་རྒྱུ་ཡིན་པ་དང་དུས་མཚམས་དང་པོའི་དམིགས་ཡུལ་ནི་ལོ་གཉིས་ནང་དབྱི་རན་རྒྱལ་ཡོངས་ཀྱི་སློབ་གྲྭ་6000ལྷག་ཙམ་ལ་དྲ་བ་དེ་མཐུད་རྒྱུ་ཡིན་པ་རེད།