དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཧ་སག་སི་ཐན་དང་། ཨུ་རུ་སུ། ཝུའུ་ཁེ་ལན་བཅས་རྒྱལ་ཁབ་གསུམ་གྱིས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་ཚད་མེད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་ 21ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་12ནས་ཚེས་20ཉིན་བར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་གདན་ཞུས་ལྟར་ཧ་སག་སི་ཐན་དང་། ཨུ་རུ་སུ། ཝུའུ་ཁེ་ལན་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐ་ན་དབུ་ཚོགས་དང་ཧྲེན་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་བཅོ་ལྔ་པར་ཞུགས་ཤིང་། ཧ་སག་སི་ཐན་དང་། ཨུ་རུ་སུ། ཝུའུ་ཁེ་ལན་བཅས་རྒྱལ་ཁབ་གསུམ་གྱི་ལས་རིགས་ཁག་གི་མི་སྣ་དང་སྨྱན་སྦྱོར་ཚན་པས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ད་རེས་འཚམས་འདྲིར་ཕེབས་པར་གདེང་འཇོག་ཆེན་པོ་གནང་བ་དང་འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་ཚད་མེད་གནང་བ་རེད།

        ཧ་སག་སི་ཐན་གྱི་སྲིད་སྐྱོང་ཏང “མེས་རྒྱལ་གྱི་འོད་ཟེར ”ཞེས་པའི་མི་དམངས་དམངས་གཙོ་ཏང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཉི་ཀེ་མ་ཐུའུ་ལིན་གྱིས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་རིང་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་པ་མ་ཟད། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ད་དུང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་བཅུ་འཁོར་བའི་དྲན་གསོའི་དབུ་ཚོགས་ལ་ཞུགས་པ་རེད། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་བ་བརྒྱུད་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་འཐབ་ཇུས་རོགས་ལས་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།

        ཀྲུང་གོའི་གནད་དོན་སྐོར་གྱི་ཧ་སག་སི་ཐན་གྱི་གྲགས་ཅན་རིགས་གཅིག་མཁས་པ་པི་ལུའོ་ཡེ་ཧྲེང་ཅིན་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངོས་ནས་བརྗོད་ན་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ད་རེས་ཧ་སག་སི་ཐན་ལ་འཚམས་འདྲིར་ཕེབས་པ་དེར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་པ་དང་། དེ་ཐོག་ནས་ཀྲུང་གོས་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་འདུན་པ་སླར་ཡང་མཚོན་གྱི་ཡོད། འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོས་ཐོན་ཁུངས་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་སྐོར་གཙོ་གནད་དུ་གྲོས་མོལ་གནང་བ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། འཕྲིན་གཏོང་། རྫས་འགྱུར་བཟོ་ལས་སོགས་ཐོན་ཁུངས་མིན་པའི་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོར་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ཀྱི་མདུན་ལམ་ལྡན་ཡོད་ཅེས་གསུངས་པ་རེད།

        ཨུ་རུ་སུའི་གསར་འགྱུར་ཁང་གིས 《ཨུ་རུ་སུ་དང་ཀྲུང་གོས་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་རྒྱུ་རེད 》ཅེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཞིག་སྤེལ་བ་དེའི་ནང་མཉམ་འབྲེལ་གསལ་བསྒྲགས་ནང་རྒྱལ་ཁབ་གཉིས་པོས “གཉིས་ཕན་གྱི་རྨང་གཞིའི་ཐོག་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ནུས་རྒྱུའི་རོགས་ཟླའི་འབྲེལ་བ་འཛུགས་རྩིས་བྱེད་པའི ”ནང་དོན་སྐོར་རྒྱས་བཤད་བྱས་པ་དང་། དེའི་ནང་ད་དུང་ཕྱོགས་གཉིས་པོས་རྡོ་སྣུམ་དང་། རང་བྱུང་སོལ་རླངས། ཉིང་རྡུལ་ནུས་པ། རྡོ་སོལ། གློག་ཤུགས། ནུས་རྒྱུ་གསར་པ་བཅས་ཀྱི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

        《མོ་སི་ཁོ་གསར་འགྱུར་ཚགས་པར 》དང 《རང་བཙན་ཚགས་པར 》སོགས་ཚགས་པར་དང་དུས་དེབ་ཐོག་གནས་ཚུལ་སྤེལ་བའི་ནང་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་གྲོས་མོལ་གནང་རིང་འབྲེལ་བ་ཡོད་པའི་གཙོ་གནད་ཀྱི་གྲས་སུ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་མ་འཇོག་མཉམ་ལས་དང་། མཐའ་མཚམས་དང་ས་ཁུལ་དབར་གྱི་མཉམ་ལས། དེ་བཞིན་རྒྱལ་སྤྱིའི་གནད་དོན་བཅས་ཚུད་ཡོད་ཅེས་འཁོད་ཡོད་ཅིང་། སྨྱན་སྦྱོར་ཚན་པ་དེ་དག་ཚང་མས་ཀྲུང་གོ་འདི་ཉིད་ཨུ་རུ་སུའི་ཚོང་དོན་རོགས་ཟླ་ཆེ་ཤོས་ལ་གྱུར་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་ཚོང་དོན་གྱི་ཆུ་ཚད་དེ་སླད་ཕྱིན་སྔར་བས་མཐོ་རུ་འགྲོ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

        ཨུ་རུ་སུའི 《གུང་གཞོན་སྡེ་ཚོགས་ཀྱི་བདེན་དོན་ཚགས་པར 》ཐོག་གནས་ཚུལ་ཞིག་སྤེལ་བའི་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཨ་སི་ཐ་ན་དབུ་ཚོགས་འགོ་ཚུགས་པ་ནས་བཟུང་མའེ་ཏེ་ཝུའེ་ཅེ་ཕུའུ་དང་ཧུའུ་ཅིན་ཐའོ་རྣམ་གཉིས་ཉིན་བཞི་བསྟུད་མར་ཐུགས་འཕྲད་གནང་ཡོད། ཚེས་16ཉིན་ཕྱོགས་གཉིས་པོས་གྲོས་མོལ་གནང་རིང་དཔལ་འབྱོར་མཉམ་ལས་དང་ཕྱོགས་གཉིས་པོའི་དབར་གྱི་ཚོང་དོན་སོགས་སྐོར་གྱི་གྲོས་གཞིར་གྲོས་མོལ་གནང་བ་དང་འབྲེལ 《མིག་སྔའི་རྒྱལ་སྤྱིའི་དུས་བབ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་སྐོར་གྱི་ཀྲུང་གོ་དང་ཨུ་རུ་སུའི་མཉམ་འབྲེལ་གསལ་བསྒྲགས 》ལ་མིང་རྟགས་ཀྱང་བཀོད་གནང་ཡོད། ལི་པི་ཡའི་གནད་དོན་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་མུ་མཐུད་མཉམ་ལས་བྱ་རྒྱུའི་གྲོས་ཐག་བཅད་ཡོད་ཅེས་འཁོད་ཡོད་པ་རེད།

        ཀྲུང་གོར་བཅའ་སྡོད་ཨུ་ཁེ་ལན་གྱི་གཞུང་ཚབ་ཆེ་མོ་བ་ཁོ་སི་ཅན་ཁོ་ཡིས་སྨྱན་སྦྱོར་ཚན་པར་ཀྲུའུ་ཞི་ཧུའུ་ཅིན་ཐོའི་ཡིས་ཨུ་ཁེ་ལན་ལ་འཚམས་འདྲི་གནང་ནས་ཨུ་ཁེ་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་ཟབ་ཏུ་གཏོང་རྒྱུའི་དུས་རབས་གསར་པ་ཞིག་གཏོད་ཡོད་ཅེས་གསུངས་ཤིང་། ཁོང་གིས་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཆ་མཚོན་ན་རྒྱལ་ཁབ་གཉིས་པོར་རང་རང་སོ་སོའི་རྒྱལ་ཁབ་ནང་ཁུལ་གྱི་དུས་བབ་དང་རྒྱལ་སྤྱིའི་དུས་བབ་ལ་གདེང་འཇོག་བྱེད་པའི་ཐད་ཐུན་མོང་གི་གཟིགས་སྟངས་ལྡན་ཡོད་ཅེས་གསུངས་པ་རེད།

        ཝུའུ་ཁེ་ལན་གྱི་སྒེར་གཉེར་བཪྙན་འཕྲིན་ལས་ཁུངས་ཞིག་གི་གསར་འགོད་པ་ཡེ་ལེན་ན་ཡིས་འདི་ག་ཚགས་པར་ཁང་གི་གསར་འགོད་པར་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཝུའུ་ཁེ་ལན་ལ་འཚམས་འདྲིར་ཕེབས་པ་མཐོས་སྐབས་དགའ་ཚོར་ཆེན་པོ་བྱུང་། ཀྲུང་གོའི་ཁེ་ལས་མཁན་ཅན་དེ་བས་མང་བ་ཞིག་ཝུའུ་ཁེ་ལན་ལ་མ་འཇོག་བྱེད་པར་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་བྱུང་། ཁོང་གིས་ད་དུང་རང་ཉིད་ལས་ཀ་བྱེད་སའི་བཪྙན་འཕྲིན་ལས་ཁུངས་དེས་ཉེ་དུས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཝུའུ་ཁེ་ལན་ལ་འཚམས་འདྲིར་ཕེབས་པའི་སྐོར་གྱི་ཆེད་སྒྲིག་ལེ་ཚན་ཞིག་བཟོས་པ་དང་འབྲེལ་དུས་ཚོད་ཡག་ཤོས་སུ་སྟོན་རྒྱུའི་བཀོད་སྒྲིག་ཀྱང་བྱས་ཡོད་ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།