ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཨུ་རུ་སུའི་ཛ་དྲག་ཆེ་བའི་གནས་ཚུལ་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ཐོག་ནས་མངོན་པར་ཚེས་20ཉིན་གྱི་མཚན་མོ་ཨེ་ཁ་ལེ་ལི་ཨ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་པི་ཏེ་ལུའོ་ཀྲ་ཝོ་ཚི་ཁེ་གྲོང་ཁྱེར་དུ་ཐུའུ་—134འགྲུལ་སྐྱེལ་གནམ་གྲུ་ཛ་དྲག་ངང་འབབ་དགོས་བྱུང་བའི་ལས་འཛོལ་ཐོན་ནས་བསྡོམས་མི་44རྐྱེན་ལམ་དུ་ཤོར་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མོ་སི་ཁོ་ནས་པི་ཏེ་ལུའོ་ཀྲ་ཝོ་ཚི་ཁེ་གྲོང་ཁྱེར་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་དེའི་ནང་འགྲུལ་པ་43དང་གནམ་གྲུའི་ཐོག་གི་ལས་དོན་པ་9ཡོད་པར་མི་8སྲོག་ཉེན་ལས་ཐར་བ་དེའི་ནང་བྱིས་པ་1དང་གནམ་གྲུའི་ཐོག་གི་ལས་དོན་པ་1ཚུད་ཡོད། སྲོག་ཉེན་ལས་ཐར་མཁན་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པས་ཉེ་འདབས་ཀྱི་སྨན་ཁང་དུ་སྲོག་སྐྱོབ་སྨན་བཅོས་བྱེད་པར་བསྐྱལ་བ་དང་གནམ་གྲུ་དེའི་ནང་ཀྲུང་གོའི་སྤྱི་དམངས་མེད་པ་རེད།
མོ་སི་ཁོ་ཡི་དུས་ཚོད་ཚེས་20ཉིན་གྱི་ཆུ་ཚོད་23དང་སྐར་མ་55ཙམ་དུ (པེ་ཅིང་གི་དུས་ཚོད་ཚེས་21ཉིན་གྱི་ཆུ་ཚོད་3དང་སྐར་མ་55)འགྲུལ་སྐྱེལ་གནམ་གྲུ་དེ་པི་ཏེ་ལུའོ་ཀྲ་ཝོ་ཚི་ཁེ་ཡི་གནམ་ཐང་དང་བར་ཐག་སྤྱི་ལེ་1ཙམ་གྱི་གཞུང་ལམ་ཐོག་འབབ་དགོས་བྱུང་བས་གནམ་གྲུ་འཐོར་བ་དང་འབྲེལ་མེ་འབར་ནས་ཆག་རོ་ཁག་གཅིག་ཉེ་འདབས་ཀྱི་ཡུལ་མིའི་སྡོད་ཁང་གི་གམ་དུ་ཟག་པ་རེད། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། གནམ་གཤིས་ཡག་པོ་མེད་པ་དེ་ལས་འཛོལ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞིང་། མིག་སྔར་ཨུ་རུ་སུའི་འབྲེལ་ཡོད་སྡེ་ཚན་གྱིས་རོགས་སྐྱོབ་ལས་དོན་བྲེལ་འཚུབ་ངང་སྤེལ་བཞིན་ཡོད་པ་དང་གནམ་གྲུའི “སྒམ་ནག་པོ ”ཪྙེད་ཡོད་པ་རེད།