ཤིན་ཧྭ་གསར་འགྱུར་ཁང་པ་ཀ་ཏ་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། དབྱི་རག་དབུས་རྒྱུད་ཀྱི་ཁ་ཏི་ཤི་ཡ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཏི་ཝ་ཉི་ཡེ་རུ་ཚེས་21ཉིན་གྱི་སྔ་དྲོ་རླངས་འཁོར་གྱི་འབར་རྫས་འབར་གས་ཀྱི་འཇབ་རྒོལ་དོན་རྐྱེན་གཉིས་ཐོན་ནས་ཉུང་མཐར་ཡང་མི་25རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་30ལ་རྨས་སྐྱོན་ཕོག་པ་རེད།
ཁ་ཏི་ཤི་ཡ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་རང་མིང་ཤོད་འདོད་མེད་པའི་དཔོན་རིགས་ཤིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་འབར་གས་གཉིས་པོ་དེ་དག་ཚང་མ་ཁ་ཏི་ཤི་ཡ་ཞིང་ཆེན་གྱི་ཧྲེང་ཀྲང་ས་ལི་མུའུ ·ཨ་ལེ་དབན་གྱི་གཟིམ་ཤག་ཉེ་འགྲམ་དུ་ཐོན་པ་དང་ཨ་ལེ་དབན་ལ་རྨས་སྐྱོན་ཕོག་མེད་ཅེས་བཤད་པ་རེད།
དཔོན་རིགས་དེས་འབར་གས་གཉིས་པོ་ཧ་ལམ་དུས་གཅིག་ཏུ་ཐོན་པ་དང་སྐབས་དེ་དུས་བདེ་འཇགས་དཔུང་སྡེ་གཟིམ་ཤག་ཕྱིའི་སོ་ལྟ་ཁང་དུ་སོ་ལྟ་བརྗེ་རེས་བྱེད་བཞིན་ཡོད། ཤི་རྨས་བྱུང་མཁན་མང་ཆེ་བ་ནི་བདེ་འཇགས་དཔུང་སྡེའི་མི་སྣ་ཡིན་ཞིང་། མིག་སྔར་འཇབ་རྒོལ་བྱ་ཡུལ་ཨ་ལེ་དབན་ཡིན་མིན་ད་དུང་གསལ་པོ་ཤེས་མ་སོང་ཞེས་བཤད་པ་རེད།
ད་བར་རྩ་འཛུགས་གང་རུང་དང་མི་སྒེར་གང་རུང་གིས་རླངས་འཁོར་འབར་རྫས་ཀྱི་འབར་གས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཤོད་མཁན་གཅིག་ཀྱང་མེད།
མིག་སྔར་དབྱི་རག་ཏུ་ཨ་དམག་ཁྲི་4.5བཅའ་སྡོད་བྱས་ཡོད། དབྱི་རག་དང་ཨ་རི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་2008ལོར་བཞག་པའི་བཅའ་སྡོད་དམག་གི་གནས་བབ་གྲོས་དོན་ལྟར་ན་འདི་ལོའི་ལོ་མཇུག་གོང་ཨ་དམག་ཚང་མ་དབྱི་རག་ནས་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་དབྱི་རག་གི་རེ་འདུན་ལྟར་དམག་མི་བཅའ་སྡོད་ཀྱི་དུས་ཚོད་རིང་དུ་གཏོང་འདོད་ཡོད་ལུགས་དེ་སྔོན་བཏོན་པ་རེད།