དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སི་རི་ཡའི་ཙུང་ཐུང་གིས་མི་རིགས་ཀྱི་གླེང་མོལ་བྱ་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏ་མ་སི་ཁུ་ནས་ཟླ་6ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཡུལ་དེའི་དུས་ཚོད་ཚེས་20ཉིན་གྱི་ཆུ་ཚོད་12ཐོག་སི་རི་ཡའི་ཙུང་ཐུང་པ་ཧྲའར་གྱིས་ཏ་མ་སི་ཁུ་སློབ་ཆེན་གྱི་ཚོགས་ཁང་དུ་གཏམ་བཤད་སྤེལ་ནས་འདས་ཟིན་པའི་ཟླ་བ་གསུམ་རིང་གི་སི་རི་ཡའི་རྒྱལ་ནང་གི་དུས་བབ་དང་དེ་བཞིན་འབྱུང་འགྱུར་གྱི་ཆབ་སྲིད་དཔལ་འབྱོར་སྒྱུར་བཅོས་ཐད་སྲིད་གཞུང་གི་ལྟ་ཚུལ་དང་བསམ་འཆར་རྒྱས་བཤད་བྱས་ཡོད། པ་ཧྲའར་གྱིས་རྒྱལ་ཡོངས་ཀྱི་ཏང་ཤོག་ཁག་དང་ལས་རིགས་ཁག་གི་མི་དམངས་ལ་མི་རིགས་ཀྱི་གླེང་མོལ་བྱས་ནས་སི་རི་ཡའི་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས་ཡོད།

        པ་ཧྲའར་གྱིས་དང་ཐོག་སི་རི་ཡས་བདེ་འཇགས་དང་བརྟན་ལྷིང་ཡོང་ཆེད་བློས་གཏོང་ཆེན་པོ་བྱས་ཡོད། སི་རི་ཡའི་གྲོང་ཁྱེར་ཁག་ཏུ་རྔམ་སྟོན་བྱེད་སྒོ་སྤེལ་བའི་ཐད་པ་ཧྲའར་གྱིས་ཁྲོམ་སྐོར་དུ་སྐྱོད་མཁན་རིགས་གསུམ་ལ་དབྱེ་ཆོག་ཅེས་བརྗོད་པ་སྟེ། རིགས་དང་པོ་ནི་ལུགས་མཐུན་གྱི་བདེ་སྡུག་ཞུ་མཁན་ཡིན་པ་སྟེ་ཁོང་ཚོས་སྲིད་གཞུང་ལ་ཁོང་ཚོའི་བདེ་སྡུག་ཉན་པ་མ་ཟད་དེར་ལན་སློག་རེ་བྱེད་པ་དང་། རིགས་གཉིས་པ་ནི་ཉེས་གསོག་པ་དང་འདེད་བཟུང་ཉེས་ཅན་པ་ཡིན་པ་སྟེ་ཁོང་ཚོས་ཟང་ཟིང་ནི་ཁོང་ཚོ་ཁྲིམས་འདོམས་ལས་ཐར་བའི་གོ་སྐབས་བཟང་པོ་ཞིག་ཏུ་བརྩི་བ། རིགས་གསུམ་པ་ནི་ཐལ་དྲགས་པའི་བསམ་བློ་ཡོད་མཁན་ཡིན་ཞིང་མི་དེ་རིགས་ཀྱི་གྲངས་ཚད་ཧ་ཅང་ཉུང་ཉུང་ཡིན་ཡང་ཉེན་ཁ་ཆེ་ཤོས་ཡིན་པ་བཅས་རེད།

        ཆབ་སྲིད་སྒྱུར་བཅོས་ཐད་པ་ཧྲའར་གྱིས་གཏམ་བཤད་སྤེལ་སྐབས་གལ་སྲིད་དུས་བབ་བརྟན་ལྷིང་བྱུང་ཚེ་སྐབས་གསར་པའི་མི་དམངས་དབྱི་ཧུའེ་གྲོས་ཚོགས་ཟླ་བ་བརྒྱད་པར་འདེམས་བསྐོ་བྱས་ནས་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད། སྐབས་གསར་པའི་མི་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱིས་འདི་ལོའི་ལོ་མཇུག་གོང་རྩ་ཁྲིམས་དག་བཅོས་འཆར་ཟིན་གྱི་འབྲེལ་ཡོད་གོ་རིམ་ལེགས་སྒྲུབ་བྱ་རྒྱུ་རེད། ཁོང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པ་དང་དུས་མཚུངས་རྒྱལ་ཡོངས་ཀྱི་གླེང་མོལ་བྱ་རྒྱུའི་རེ་འབོད་ཀྱང་བྱས་པ་རེད།

        གཞན་ཡང་པ་ཧྲའར་གྱིས་ཐུར་ཁེར་ལུས་པའི་སི་རི་ཡའི་ཡུལ་གྱར་བ་ཕ་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་རེ་འབོད་བྱས་ཡོད། དེ་ནི་ཟླ་བ་གསུམ་པའི་ཟླ་དཀྱིལ་ནས་བཟུང་སི་རི་ཡར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་མ་ཟད། ད་བར་རྒྱུན་འཁྱོངས་བྱས་ཚུན་པ་ཧྲའར་གྱིས་རྒྱལ་ཡོངས་ལ་སྤེལ་བའི་གཏམ་བཤད་ཐེངས་གསུམ་པ་དེ་རེད།

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་6ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཁ་ཐར་ཕྱེད་གླིང་བཪྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པ་ཧྲའར་གྱིས་གཏམ་བཤད་སྤེལ་རྗེས་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུའི་གྲོང་འདབས་དང་དེ་བཞིན་མཚོ་འགྲམ་གྲོང་ཁྱེར་ལ་ཐ་ཅི་ཡ་སོགས་ས་ཁུལ་གྱི་མང་ཚོགས་ཁག་གཅིག་ཁྲོམ་གཞུང་དུ་བསྐྱོད་དེ་འགོག་རྒོལ་བྱེད་སེམས་མཚོན་པར་བྱེད་པ་དང་ཁོང་ཚོས་པ་ཧྲའར་གྱི་གཏམ་བཤད་དེས “ཁོང་ཚོའི་སྒྱུར་བཅོས་དང་སྲིད་གཞུང་སྲིད་སྟེགས་ནས་འབབ་རྒྱུའི་བསམ་འདུན་སྐོང་ཐུབ་མེད་པའི ”ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

        པ་ཧྲའར་གྱི་གཏམ་བཤད་དེར་འཛམ་གླིང་སྨྱན་སྦྱོར་ཁག་གིས་དོ་ཁུར་ཆེན་པོ་བྱས་ཡོད། གསར་འགོད་པས་ཨ་རབ་སྐད་ཀྱི་བཪྙན་འཕྲིན་ལས་ཁུངས་ཆེ་གྲས་ཁག་གིས་བརྒྱུད་གཏོང་བྱས་པ་ཕུད་ཨ་རིའི་སྐུད་ཡོད་བཪྙན་འཕྲིན་གསར་འགྱུར་དྲ་བ་དང་དབྱིན་ཇིའི་རླུང་འཕྲིན་ཀུང་སི་སོགས་སྨྱན་སྦྱོར་ཚན་པ་ཁག་གིས་ཀྱང་གནས་ཚུལ་ངོ་མ་བརྒྱུད་གཏོང་བྱས་པར་དོ་སྣང་བྱུང་ཡོད་པ་རེད།

        དབྱིན་ཇིའི་ལོན་ཏོན་དུ་སྡོད་པའི་སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་མི་སྣ་ཆི་ཡ་ཏེས་ཨ་རབ་བཪྙན་འཕྲིན་ཁང་གི་དྲ་སྦྲེལ་བཅར་འདྲི་དང་ལེན་བྱེད་སྐབས་པ་ཧྲའར་གྱི་གཏམ་བཤད་དེས་སི་རི་ཡའི་མི་དམངས་ཀྱི “མ་མཐའི་བདེ་སྡུག་གི་འདུན་པ ”སྐོང་ཐུབ་མེད་ཅེས་ནན་བཤད་བྱས་པ་རེད། ཨེ་ཅིབ་ཀྱི་ཁེ་རོར་ཡོད་པའི་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་བྱེད་སྒོ་མཁས་ཅན་པ་ཤིས་ཡ་ཡིས་གོང་གི་གཏམ་བཤད་ཐེངས་གཉིས་དང་བསྡུར་ཚེ་ད་ཐེངས་པ་ཧྲའར་གྱི་གཏམ་བཤད་དེ་ཐ་ན “ཕྱིར་བཤོལ་བྱེད་པ ” དང “པ་ཧྲའར་གྱིས་རྩ་བའི་ཐོག་གང་ཡང་བརྗོད་མེད ”“དོན་དངོས་ཐོག་པ་ཧྲའར་གྱི་གཏམ་བཤད་དེའི་དམིགས་ཡུལ་ནི་ནུབ་ཕྱོགས་ཀྱི་གནོན་ཤུགས་ལ་ལན་འདེབས་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་བྱ་ཆེད་ཙམ་རེད ”ཅེས་བཤད་པ་རེད། ཧྲ་ཐེའི 《དབུས་ཤར་ས་རྒྱུད་ཀྱི་ཚགས་པར 》ཐོག་ཚེས་20ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀེས་ཐུར་ཁེར་རང་ཉིད་ལ་ལྡན་པའི་ཤུགས་རྐྱེན་ནུས་པར་བརྟེན་ནས་སི་རི་ཡའི་ལས་དོན་སྒྲུབ་སྟེ་པ་ཧྲའར་གྱིས་རང་ཉིད་ཀྱི་དབང་སྒྱུར་གྱི་ཁྲིམས་མཐུན་རང་བཞིན་མེད་པར་འགྱུར་བཞིན་ཡོད་པ་ཤེས་རྟོགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ཕྱེད་གླིང་བཪྙན་འཕྲིན་ལས་ཁུངས་ཀྱིས་ཚེས་20ཉིན་གནས་ཚུལ་སྤེལ་ནས་ཐུར་ཁེའི་ཙུང་ཐུང་གི་བློ་འདྲི་བས་ཚེས་19ཉིན་སི་རི་ཡར་པ་ཧྲའར་ལ་ད་དུང་གཟའ་འཁོར་གཅིག་གི་དུས་ཚོད་ཡོད་པས་རང་ཉིད་ཀྱིས་སྒྱུར་བཅོས་དངོས་འབྲེལ་བྱེད་པ་ལས “ཁ་བཤད་ཙམ་མིན་པའི ”ར་སྤྲོད་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཐུར་ཁེས་སི་རི་ཡར་སྲུང་སྐྱོང་གང་ཡང་བྱེད་མི་སྲིད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།