ཤིན་ཧྭ་གསར་འགྱུར་ཁང་པུའུ་ལུའུ་སེའར་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་19ཉིན་བྱང་ཆིངས་རྩ་འཛུགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཚེས་18ཉིན་གྱི་དགོང་མོ་པི་ལི་ཡའི་རྒྱལ་ས་ཐི་རི་ཕོ་ལིར་འབར་མདེལ་དབྱུག་པའི་བྱ་སྤྱོད་སྤེལ་སྐབས་མི་སེར་འགའ་ཞིག་ཤི་རྨས་བྱུང་ཡོད་ཅེས་འཁོད་ཡོད་ཅིང་། དེ་ནི་ལི་པི་ཡར་དམག་དོན་བྱ་སྤྱོད་སྤེལ་འགོ་བཙུགས་ཚུན་བྱང་ཆིངས་རྩ་འཛུགས་ཀྱིས་དམག་དོན་བྱ་སྤྱོད་ནང་མི་སེར་ཤི་རྨས་བྱུང་བ་ཁས་ཐོག་མར་བླངས་པ་ཞིག་རེད།
གསལ་བསྒྲགས་ནང་བྱང་ཆིངས་རྩ་འཛུགས་ཀྱིས་འབར་མདེལ་དབྱུག་ཡུལ་ནི་ཐི་རི་ཕོ་ལིའི་མེ་ཤུགས་འཕུར་མདའི་སྒྲིག་བཀོད་ཅིག་ཡིན་པ་རེད། ཡིན་ནའང “མཚོན་ཆའི་མ་ལག་ལ་སྐྱོན་ཤོར་བའི་རྐྱེན་གྱིས་འབེན་ལ་མ་འཕོག་པར་གཞན་ལ་ཕོག་ནས་མི་སེར་འགའ་ཞིག་ཤི་རྨས་བྱུང་ཡོད ”ཅེས་འཁོད་ཡོད་པ་ལས་གསལ་བསྒྲགས་དེའི་ནང་བྱང་ཆིངས་རྩ་འཛུགས་ཀྱིས་འབར་མདེལ་དབྱུགས་སྐབས་འབར་མདེལ་གང་ཞིག་དབྱུགས་པ་དང་དེ་བཞིན་མི་སེར་ཤི་རྨས་བྱུང་ཚུལ་གསལ་བཤད་ཞིབ་ཕྲ་བྱས་མེད་པ་རེད།
ཚེས་19ཉིན་ལི་པི་ཡའི་ཕྱི་འབྲེལ་དཔོན་ཨའོ་པེ་ཏི་ཡིས་བྱང་ཆིངས་རྩ་འཛུགས་ཀྱིས་ཐི་རི་ཕོ་ལིའི་གྲོང་མིའི་ཁུལ་ཞིག་ལ་མཁའ་རྒོལ་བྱས་པ་དང་དེའི་རིང་མི་9ཤི་བ་དང་མི་18ལ་རྨས་སྐྱོན་ཕོག་ཡོད་ཅེས་གསུངས་པ་རེད།
བྱང་ཆིངས་རྩ་འཛུགས་ཀྱིས་ཟླ་བ་གསུམ་པའི་ཟླ་མཇུག་ནས་ལི་པི་ཡའི་དམག་དོན་བྱ་སྤྱོད་རྩིས་ལེན་བདག་སྤྲོད་བྱས་ཚུན་ལི་པི་ཡས་བྱང་ཆིངས་རྩ་འཛུགས་ཀྱིས་མཁའ་རྒོལ་བྱས་པ་ལས་ལི་པི་ཡའི་མི་སེར་ཤི་རྨས་བྱུང་ཡོད་ཅེས་རྒོལ་གཏམ་ཐེངས་མང་བཏང་ཡོད། ཡིན་ནའང་བྱང་ཆིངས་རྩ་འཛུགས་ཀྱིས་ལི་པི་ཡར་བྱང་ཆིངས་རྩ་འཛུགས་ཀྱི་མི་སྣ་མེད་པར་བརྟེན་བདེན་མིན་ཞིབ་དཔྱད་བྱེད་ཐབས་བྲལ་ལ་མི་སེར་ཤི་རྨས་བྱུང་ཚུལ་བསྡོམས་རྩིས་བྱེད་ཐབས་ཀྱང་བྲལ་ཞེས་བཤད་ཡོད་པ་རེད།