མེང་ཐར་ཅི་ནི་ཧྥ་རན་སེའི་ཕ་རི་སིའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་ཕྲག་ཙམ་གྱི་ཕྱི་རོལ་ཏུ་གནས་པའི་གྲོང་ཁྱེར་ཆུང་བ་ཞིག་ཡིན། དེ་གའི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་བཟོ་བཀོད་གནའ་ཉམས་ལྡན་ལ་བབ་ཆགས་ཤིང་། ལྗོན་ཤིང་གིས་བསྐོར་འདུག གྲོང་ཁྱེར་ཆུང་བ་དེར་ལོ་ངོ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པ་དང་ལོ་ངོ་བརྒྱ་ཕྲག་རིང་ཀྲོང་ངེར་འགྱིངས་བའི་གནའ་བོའི་སྡོང་རྒན་དང་ཁང་ཪྙིང་དག་གིས་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོར་དཔང་པོ་བྱེད་ཀྱི་ཡོད།
དུས་རབས་བཅོ་ལྔ་པར་ཡོ་རོབ་སྐམ་ས་ཆེ་མོར་དམག་འཁྲུག་བསྟུད་མར་བྱུང་སྟེ་དབྱིན་ཧྥ་གཉིས་ཀྱི་འཕྲོག་རྩོད་ཛ་དྲག་ཏུ་གྱུར་པ་དང་ཕྱི་དགྲའི་བཙན་འཛུལ་ལ་གདོང་གཏད་སྐབས་མེང་ཐར་ཅིས་ངོ་རྒོལ་བྱས་ནས་ཁྱིམ་གཞིས་སྲུང་སྐྱོང་བྱས་པས “དཔའ་བོའི་གྲོང་ཁྱེར ”གྱི་མཚན་སྙན་ཐོབ་པ་རེད།
“དཔའ་བོའི་གྲོང་ཁྱེར ”དེས་དུས་རབས་གོང་མའི་ལོ་རབས་20པར་ལས་སློབ་གཉིས་བརྩོན་དང་གསར་བརྗེའི་བདེན་པ་འཚོལ་བའི་ཀྲུང་གོའི་སློབ་བུ་བརྒྱ་ཕྲག་ལ་ལྷག་བསམ་ཟོལ་མེད་ངང་དང་ལེན་བྱས་ཤིང་། ཁོང་ཚོའི་ཁྲོད་དུ་ཕྱིས་སུ་ཀྲུང་གོ་གསར་པའི་འགོ་ཁྲིད་པར་གྱུར་པའི་ཏེང་ཞའོ་ཕིང་དང་། ལི་ཧྥུ་ཁྲུན། ཁྲེན་དབྱི། ལི་ཝུའེ་ཧན། ཚའེ་ཁྲང་། ཧོ་ཁྲང་ཀུང་སོགས་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་ལ་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཀྲའོ་ཧྲི་ཡན་དང་། ཚའེ་ཧོ་སེན། ཞང་ཅིང་ཡུས། ཁྲེན་ཡན་ཉན། ཁྲེན་ཆའོ་ཉན། ལིའུ་པོ་ཅན། ཝང་རུའོ་ཧྥེ་སོགས་ཡོད་པ་རེད། མེང་ཐར་ཅི་རུ་ད་དུང་སུན་ཀྲུང་ཧྲན་དང་། ཚའེ་ཡོན་ཕེ། ལི་ཧྲི་ཚེང་། ཀྲོའུ་ཨེན་ལའེ་སོགས་ཀྱི་ཞབས་རྗེས་ཀྱང་ཡོད་པ་རེད།
ལོ་90ལྷག་ཙམ་འདས་ཀྱང་མེང་ཐར་ཅི་པ་རྣམས་ཀྱིས་ལས་སློབ་གཉིས་བརྩོན་གྱི་ཀྲུང་གོའི་ན་གཞོན་རྣམས་བརྗེད་མེད་པར་ཀྲུང་གོའི་གཏམ་རྒྱུད་དེ་མེང་ཐར་ཅིའི་ལོ་རྒྱུས་དེབ་ཐེར་དུ་སྔ་ས་ནས་བཀོད་ཟིན་ཡོད་པ་རེད། དེ་སྔོན་ཁོང་ཚོས་སློབ་སྦྱོང་དང་འཚོ་བ་སྐྱེལ་མྱོང་སའི་ཤུལ་ཪྙིང་དེ “ཞབས་རྗེས་རླབས་ཆེན ”ཞེས་པའི་ལྟ་སྐོར་ལམ་བུར་གྱུར་ཞིང་། ཤུལ་ཪྙིང་རེ་རེའི་མདུན་དུ་ཀྲུང་ཧྥ་སྐད་ཡིག་གཉིས་ཀྱི་དྲན་གསོའི་བྱང་བུ་བསླངས་ཏེ་པར་རྩོམ་ཟུང་འབྲེལ་ངང་གནས་དེར་བྱུང་བའི་ཀྲུང་གོའི་གཏམ་རྒྱུད་འཆད་བཞིན་ཡོད་པ་རེད།
མེང་ཐར་ཅིའི་མེ་འཁོར་ས་ཚིགས་ཀྱི་འགྲམ་དུ་མངོན་ཆེ་བའི་དྲན་གསོའི་བྱང་བུ་ཞིག་ཡོད་པ་དེ་ནི “ཞབས་རྗེས་རླབས་ཆེན ”ཞེས་པའི་ལྟ་སྐོར་ལམ་བུའི་ས་ཚིགས་དང་པོ་ཡིན་པ་རེད། ལོ་དེར་ཕུགས་རྒྱང་རིང་བའི་ཀྲུང་གོའི་གཞོན་ནུ་ཚོས་རྒྱ་མཚོ་བརྒལ་ནས་འགྲུལ་སྐྱོད་གང་མང་བྱས་མཐར་གནས་དེར་སླེབས་ཏེ་ལས་ཀར་ཧུར་བརྩོན་དང་སློབ་གཉེར་འབད་འབུངས་བྱེད་པའི་ལོ་ཟླ་སྐྱེལ་འགོ་ཚུགས་ཡོད་པ་རེད།
“ཡུས་ཆིང་སུང ”འགྱིག་བཟོ་གྲྭ་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་སྤྱི་ཁྱབ་ཇུས་འགོད་པ་ཏེང་ཞའོ་ཕིང་དང་གསར་བརྗེ་མཁས་ཅན་ཝང་རུའོ་ཧྥེ་སོགས་ཀྲུང་གོའི་གཞོན་ནུ་200ལྷག་གིས་ལས་ཀ་བྱེད་མྱོང་ས་ཞིག་ཡིན། མེང་ཐེར་ཅི་གྲོང་ཁྱེར་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཁྱེན་ལྡན་མ་ཝང་ཕེ་ཝུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ལོ་དེར་དགུང་ལོ་17ཡིན་པའི་ཏེང་ཞའོ་ཕིང་གིས་འགྱིག་བཟོ་གྲྭར་ཕྱག་ལས་གནང་ཞོར་སློབ་འབྲིང་དུ་སློབ་སྦྱོང་གནང་བ་རེད། ད་ཆར་བློ་མཐུན་ཞའོ་ཕིང་གིས་སྐབས་དེར “ཏེང་ཞི་ཞན ”ཞེས་པའི་མིང་ཐོག་ནས་ཐོ་འགོད་བྱས་པའི་ཞོར་ལས་གཱ་དེ་སྔར་བཞིན་ཉར་ཚགས་ཡག་པོ་བྱས་འདུག
ཀང་པེ་ཏ་ཁྲོམ་གཞུང་སྒོ་རྟགས་31པ་ནི་ཧྥ་རན་སེར་ལས་སློབ་གཉིས་བརྩོན་གྱི་ཀྲུང་གོའི་ལས་འགུལ་སྤེལ་མཁན་གྲས་ཀྱི་ལི་ཧྲི་ཚེང་གི་སྡོད་གནས་ཪྙིང་པ་ཡིན་པ་དང་། བབ་ཆགས་པའི་སྡོད་ཁང་གི་གཞིས་ཀར་ཀྲུང་གོའི་ཚེས་སེར་སྡོང་པོ་ཞིག་ཡོད་ལ་དེར་ལོ་80ལྷག་གི་ལོ་རྒྱུས་ལྡན་ཡོད་པ་རེད།
ཚའེ་ཁྲང་དང་ཞང་ཅིང་ཡུས་སོགས་བུད་མེད་གསར་བརྗེ་མཁས་ཅན་གྱིས་སློབ་སྦྱོང་བྱེད་མྱོང་སའི་ཧྲན་སུང་བུད་མེད་སློབ་གྲྭའི་དྲན་གསོ་བྱང་བུའི་ཐོག་གི་ཡི་གེར་བལྟ་སྐབས་གསར་བརྗེ་སྔོན་བྱོན་པར་དད་གུས་རང་དབང་མེད་པར་སྐྱེས། ཚའེ་ཁྲང་དང་ཞང་ཅིང་ཡུས་སོགས་བུད་མེད་གསར་བརྗེ་མཁས་ཅན་གྱིས་སློབ་སྦྱོང་ལ་ཧུར་བརྩོན་གྱིས་གསར་བརྗེའི་བྱེད་སྒོའི་ཁྲོད་ཧུར་ཐག་ངང་ཞུགས་ཏེ་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བརྩམས་ཤིང་། ཕྱིས་སུ་ཏེང་ཞའོ་ཕིང་གིས་སྨོན་འདུན་གནང་སྟེ་ཚའེ་ཁྲང་དང་ལི་ཧྥུ་ཁྲུན་གཉིས་གསར་བརྗེའི་ཁྱོ་ཤུག་ཏུ་གྱུར་པ་དང་། ཐུན་མོང་གི་གསར་བརྗེའི་ཕུགས་བསམ་གྱིས་ཞང་ཅིང་ཡུས་དང་ཚའེ་ཧོ་སེན་མཐུན་པར་གྱུར་ནས་མེང་ཐར་ཅིར་ལུགས་གསར་གཉེན་སྟོན་བྱས་པ་ནི་ཉན་སྤྲོ་བའི་འཕྲིན་བཟང་ཞིག་ཏུ་གྱུར་པ་རེད།
ཀྲུང་གོའི་གཞོན་ནུ་ཧྥ་རན་སེར་བསྐྱོད་ནས་ལས་སློབ་གཉིས་བརྩོན་བྱས་པའི་ལོ་རྒྱུས་ཁྲོད་ཏུའུ་ཅི་སྤྱི་གླིང་ནི་སྣང་མེད་དུ་འཇོག་མི་རུང་བའི་ས་ཆ་ཞིག་ཡིན། དེ་རུ་བསླངས་པའི་དྲན་གསོའི་བྱང་བུའི་ཐོག་ཀྲུང་ཧྥ་ཡིག་རིགས་གཉིས་ཀྱིས “1920ལོའི་ཟླ་7ཚེས་6ནས་ཚེས་10ཉིན་བར་ཚའེ་ཧོ་སེན་དང་ཞང་ཅིང་ཡུས་གཉིས་ཀྱིས་མེང་ཐར་ཅི་གྲོང་ཁྱེར་གྱི་ཏུའུ་ཅི་སྤྱི་གླིང་དུ་བསྡུས་པའི་ཧྥ་འགྲིམ་སློབ་མ་ཚོགས་པའི་ཚང་འཛོམས་ཚོགས་འདུའི་ཐོག་ཀྲུང་གོ་སྐྱོབ་པ་དང་འཛམ་གླིང་སྐྱོབ་པའི་སྐོར་གྱི་ཆེད་དོན་གཏམ་བཤད་བྱས་ཏེ་དམངས་གཙོ་རིང་ལུགས་གསར་པའི་སྲིད་ཏང་ཞིག་འཛུགས་པའི་འདོད་ཚུལ་བཏོན་པ་དང་། དེ་ནི་ཀྲུང་གོ་གསར་པའི་བསམ་བློར་བློ་བསྐྱེད་འབྱུང་བའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ཞིག་ཏུ་ངོས་འཛིན་ཆོག ……”ཅེས་བྲིས་ཡོད་ཅིང་། ཡིག་བྱང་གི་གཡས་གོང་ནི་ལོ་དེར་ཚོགས་ཞུགས་སློབ་མའི་མཉམ་་དུ་བླངས་པའི་འདྲ་པར་ཞིག་ཡིན་པ་རེད།
ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་མཚམས་སུ་མེང་ཐར་ཅི་ཡིས་རང་ཉིད་ཀྱི་ལོ་ངོ་སྟོང་གི་གནའ་ཉམས་བབ་ཆགས་དང་མཛེས་སྡུག་ལྡན་པའི་ཉམས་འགྱུར་ལས་གསར་བརྗེའི་སྔོན་བྱོན་པ་ཚོའི་བདེན་པར་འཚོལ་ཞིབ་དང་རྒྱལ་སྐྱོབ་དམངས་སྐྱོབ་གནང་བའི་གཟི་འོད་འབར་བའི་ཞབས་རྗེས་ལ་དྲན་གསོ་ཞུ་བཞིན་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་གཏམ་སྙན་མུ་མཐུད་སྒྲོག་བཞིན་ཡོད་པ་རེད།