ཟླ་4ཚེས་30ཉིན་ཨ་ཁེ་མན་གྱིས་འཇར་མན་གྱི་ཀེ་ཏེ་སློབ་གླིང་གི་ཀྲུང་གོ་ཆེ་མོའི་ཁུལ་གྱི་སྤྱི་ཁྱབ་ཡོན་ཀྲང་གི་ལས་གནས་ནས་ལས་འཁྱུར་བྱས་ཏེ་མཐར་ཁོང་གིས་སྔ་ཕྱི་བར་གསུམ་དུ་སྐྱེལ་འདོད་བྱེད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ཡིན་ནའང་ཨ་ཁེ་མན་ནི་ལས་འཁྱུར་བྱས་ཀྱང་ངལ་གསོ་མི་རྒྱག་མཁན་ཞིག་ཡིན་པས་པར་སྐྲུན་ཁང་ཁ་ཤས་ཀྱིས “ངས་ཀྲུང་གོར་བལྟ་བ ”ཞེས་པའི་དེབ་དེ་ཁོང་གིས་འབྲི་རྒྱུར་སྒུག་བསྡད་ཡོད།
1968ལོར་ཡོ་རོབ་ཏུ་གཡོན་ཐལ་གྱི་ཐལ་རྡུལ་འཚུབ་པ་དེས་འཇར་མན་མུའུ་ཉི་ཧེ་སློབ་ཆེན་གྱི་སློབ་མ་ཞིག་གི་སྤྲོ་སེམས་འཕེལ་བར་བྱས་ནས་ལོ་20ལྷག་ཙམ་ལ་སོན་པའི་ཕོ་གསར་དེས་སྲིད་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ་ཁྲོམ་སྐོར་དུ་བསྐྱོད་པ་དང་གསར་བརྗེ་བྱ་རྒྱུའི་རེ་བ་བཏོན། ལོ་མང་སོང་རྗེས་ཨ་ཁེ་མན་གྱིས་སྐབས་དེ་དུས་ཀྱི་རང་ཉིད་ལ་བསམ་གཞིག་བྱེད་བཞིན་དུ་འཛམ་གླིང་དེ་ཧ་ཅང་སྟབས་བདེ་ཞིག་ཏུ་བརྩི་བའི་ངོས་འཛིན་དང་གཡོན་ཕྱོགས་དང་གཡས་ཕྱོགས་དང་གསར་བརྗེ་དང་བག་འཁུམས་ནི་ཕན་ཚུན་བསྡུར་ཐབས་བྲལ་བ་ཞིག་ཡིན་མོད་། འོན་ཀྱང་སྐབས་དེར་ལོ་ན་གཞོན་ལ་སྟོབས་དང་ལྡན་པའི་ཁོང་གི་སྤྲོ་སེམས་དེས་མཐའ་དག་ལས་རྣམ་པར་རྒྱལ་བར་བྱས།
སྤྲོ་སེམས་དེ་རིགས་ལ་བརྟེན་ནས་ཁོང་གིས་ཀྲུང་གོར་ཡོང་སྟེ་རང་ཉིད་ཀྱིས་དད་མོས་བྱེད་པའི་མའོ་ཙེ་ཏུང་མཇལ་བ་དང་ཤར་ཕྱོགས་སློབ་མས་ཇི་ལྟར་བྱས་ཏེ་ཆབ་སྲིད་ལས་འགུལ་ནང་ཞུགས་པ་ལ་སོགས་ལ་བལྟ་རྒྱུའི་ཆོད་སེམས་བཞག་པར་བརྟེན་ཁོང་གིས་སྤྱི་ཚོགས་རིག་པའི་ཚན་ཁག་ནས་ཀྲུང་གོའི་རིག་པའི་ཚན་ཁག་ཏུ་བསྒྱུར་ཡོད།
1972ལོར་ཀྲུང་གོ་དང་འཇར་མན་དབར་འབྲེལ་ལམ་བཙུགས་པ་དང་ཀྲུང་གོའི་སློབ་ཆེན་དུ་འཇར་མན་གྱི་སློབ་མ་བསྡུ་འགོ་ཚུགས་པས་ཨ་ཁེ་མན་ནི་ཀྲུང་གོར་སློབ་སྦྱོང་དུ་ཡོང་མཁན “བཟོ་ཞིང་དམག་གི་སློབ་མ ”ཁག་གཉིས་པར་གྱུར།
དེ་ལྟར་ཨ་ཁེ་མན་ནི་སྣང་མེད་ངང་ལོ་རྒྱུས་ཀྱི་བདེན་དཔང་བར་གྱུར་པ་དང་ད་བར་ཁོང་གིས་པེ་ཅིང་ཧའེ་ཏེན་ཁྲོམ་གཞུང་ཐོག་དལ་པོའི་ངང་འགྲོ་བའི་རྔ་མོང་དང་གྲོང་ཁྱེར་ནང་སྐྱོན་མེད་ངང་སོར་ཉར་བྱས་པའི་སྲང་ལམ་དང་ཕྱོགས་བཞིར་ཁང་པ་ཡོད་པའི་སྒོ་ར་དེ་དག་དྲན་གསོ་བྱེད་སྐབས་སྔོན་ཆད་ཀྱི་པེ་ཅིང་ལ་སྔར་བཞིན་དྲན་སེམས་ཆེན་པོ་ལྡན་ཡོད། ཁོང་གིས་ཀྲུང་གོའི་འགོ་ཁྲིད་མི་རབས་དང་པོ་ཐེངས་མང་མཇལ་མྱོང་ཡོད། ཀྲོའུ་ཨེན་ལའེ་དང་ཕྱག་གཏོང་མྱོང་བས “ཁོང་སྐུ་ཤ་ཧ་ཅང་རིད་པའི ”བག་ཆགས་བཞག་པ་དང་། ཏེང་ཞའོ་ཕིང་དང་བཀའ་མོལ་ཞུ་རེས་བྱེད་མྱོང་བས “སྨི་1.9ལྷག་ཙམ་ཡོད་པའི་རང་ཉིད་ཀྱི་གཟུགས་ཚད་དེ་ཧ་ཅང་རིང་པོ་ཡིན་པ ”ཤེས་ཡོད།
སྐབས་དེ་དུས་ཀྲུང་གོ་འདི་ཉིད་རིག་གནས་གསར་བརྗེའི་དུས་མཇུག་ཏུ་སླེབས་པ་དང་སྤྱི་ཚོགས་ཀྱི་གནས་བབ་དེར་ཨ་ཁེ་མན་ཡི་ཐང་རྦད་དེ་ཆད་དེ་ཁོང་གི་ཕུགས་བསམ་དེ་སྒྲུབ་ཐུབ་མེད། ཡིན་ནའང་ཀྲུང་གོའི་སློབ་མ་དང་མཉམ་དུ་ཀྲུང་གོའི་དེང་རབས་ལོ་རྒྱུས་ཀྱི་སློབ་ཚན་འཚོགས་པ་དང་། ཆབ་སྲིད་ལས་འགུལ་ནང་མཉམ་དུ་ཞུགས་པ། བཟོ་གྲྭ་དང་གྲོང་གསེབ་ཏུ་བསྐྱོད་དེ “སློབ་གྲྭ་གཉེར་བ ” དམངས་ཚོགས་དཀྱུས་མ་དང་མཉམ་དུ་འཚོ་བ་སྐྱེལ་བ་བཅས་ལས་ཁོང་ལ་ཕན་པ་མི་དམན་པ་ཐོབ་ཡོད། ཨ་ཁེ་མན་གྱིས་ཁོང་གིས་ད་ཆ་ཀྲུང་གོར་ཆ་རྒྱུས་དེ་ལྟ་བུ་ཡོད་པ་ནི་ལས་ཀའི་ཁྲོད་ཀྲུང་གོ་བ་དང་ཇི་ལྟར་བྱས་ཏེ་འབྲེལ་འདྲིས་བྱེད་དགོས་པ་ཤེས་པ་དང་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་བའི་རྩ་ཆེའི་ཉམས་མྱོང་དེ་ལས་བྱུང་བ་ཞིག་ཡིན་ཞེས་བཤད།
ལོ་གསུམ་སོང་རྗེས་ཨ་ཁེ་མན་འཇར་མན་དུ་ཕྱིར་ལོག་བྱས། ཁོང་གིས་ཀྲུང་གོར་སློབ་སྦྱོང་བྱས་པའི་ལོ་རྒྱུས་དེ 《ཀྲུང་གོ་བའི་རྒྱུན་གཏན་འཚོ་བའི་སྐོར་གླེང་བ 》ཞེས་བྲིས་པ་དེ་སྐབས་དེ་དུས་འཇར་མན་དུ་དེང་དུས་ཀྲུང་གོའི་སྤྱི་ཚོགས་གནས་ཚུལ་ངོ་སྤྲོད་བྱེད་པའི་དེབ་འབའ་ཞིག་དེ་ཡིན་པས་བཏོན་མ་ཐག་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ནས་བསྐྱར་པར་ཐེངས་མང་བརྒྱབ་ཡོད།
1984ལོར་འཇར་མན་གྱི་ཙུང་ལི་ཁོའོར་ཀྲུང་གོར་བཅར་འདྲིར་ཕེབས་སྐབས “ཏེང་ཞའོ་ཕིང་གིས་ཁོའོར་ལ་ཕུལ་བའི་ཕྱག་བཏགས་ཤིག་ཏུ་བརྩིས ”པ་དང “པེ་ཅིང་དུ་འཇར་མན་གྱི་གཞུང་ཕྱོགས་རིག་གནས་སྒྲིག་གཞི་ཀེ་ཏེ་སློབ་གླིང་འཛུགས་རྒྱུའི ”བསམ་ཚུལ་ཞལ་བཞེས་ཐོབ། 1987ལོའི་ལོ་མཇུག་ཏུ་ཨ་ཁེ་མན་ཀྲུང་གོར་ཐེངས་གསུམ་པ་ཡོང་བའི་ལས་འགན་ནི་ཀེ་ཏེ་སློབ་གླིང་གི “ཟླ་བའི་གོ་ལའི་ཡན་ལག་སློབ་གླིང ”ལས་ཀྱང་དཀའ་བའི་པེ་ཅིང་ཡན་ལག་སློབ་གླིང་གསར་སྐྲུན་བྱ་རྒྱུ་དེ་རེད། 1988ལོ་ནས་བཟུང་སྐད་དང་ཡི་གེའི་འཛིན་གྲྭ་བཙུགས་པ་དང་1990ལོར་སླེབས་སྐབས་སྤྱི་དམངས་ལ་སྒོ་དབྱེ་བྱས་པའི་དཔེ་མཛོད་ཁང་བཙུགས་ནས་ཀེ་ཏེ་སློབ་གླིང་དེ་སྐད་དང་ཡི་གེའི་སློབ་ཁྲིད་ཚན་པར་གཞི་རྩའི་ཐོག་ནས་གཏན་འཁེལ་བྱས་ཡོད། དེས་ན་ཨ་ཁེ་ནན་གྱི་ཕུགས་བསམ་ནི་ཀྲུང་གོ་དང་འཇར་མན་གྱི་རིག་གནས་སྤེལ་རེས་ལྟེ་གནས་བསྐྲུན་ཏེ་ཀེ་ཏེ་དང་། པེ་ཏུའོ་ཕེན། ཁང་ཏེ་བཅས་ཀྱི་འཇར་མན་ཞིག་སྟོན་རྒྱུ་དེ་རེད། ཁོང་གིས་འཇར་མན་གྱི་མཚན་ཉིད་རིག་པའི་རིམ་སྤེལ་སྙན་ཞུའི་ཚོགས་འདུ་དང་། ཧྥ་སི་པིན་ཏེ་སྐུ་གཤེགས་ནས་ལོ་10འཁོར་བའི་དྲན་གསོའི་པར་རིགས་འགྲེམས་སྟོན། དབྱི་མོན་ཏུའོ་ཕུའུ་ཡི་པར་རིས་འགྲེམས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཐབས་ཧུར་ཐག་བྱས་པ་མ་ཟད། ལིན་ཀྲའོ་ཧྭ་ལ་རོགས་སྐྱོར་བྱས་ནས 《ཕུའུ་ཧྲི་ཏེ 》ཞེས་པ་འཁྲབ་ཁྲིད་བྱས།
2006ལོར་ཨ་ཁེ་མན་གྱིས་ཀེ་ཏེ་སློབ་གླིང་གི་ཀྲུང་གོ་ཆེ་མོའི་ཁུལ་འཛུགས་སྐྲུན་བྱ་རྒྱུའི་བཀའ་ལ་དང་ལེན་ཞུས་ནས་སླར་ཡང་པེ་ཅིང་དུ་ཡོང་། དུས་ཡུན་ལོ་12བར་གྱི་ཀྲུང་གོའི་འཕོ་འགྱུར་དེར་ཁོང་ཧང་སངས་པ་དང་ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་རྒྱས་རྒྱུན་བསྲིང་དང་སྟོབས་ཤུགས་ཆེ་བ་དང་ཕྱོགས་གཞན་ཞིག་ནས་ཁྲོམ་རའི་དཔལ་འབྱོར་གྱི་མཐོ་རླབས་མདུན་དུ་རིན་ཐང་གི་ལྟ་བར་འགྱུར་ལྡོག་བྱུང་བ་དེར་ཁོང་གིས་སེམས་ཁྲལ་བྱེད་ཀྱི་ཡོད། ཁོང་གིས་ཀྲུང་གོའི་དཔལ་འབྱོར་མ་ལག་ཡག་པོ་ཞིག་ཡོད་མོད། འོན་ཀྱང་རིག་གནས་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ད་དུང་གྲུབ་འབྲས་མི་འདང་བ་དེ་ནི་ཀྲུང་གོ་འདི་ཉིད་དེ་བས་མྱུར་བའི་ངང་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བའི་གནད་དོན་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
ཚང་མས་ཁོང་ལ “ལའོ་ཨ ”ཞེས་བརྗོད་པ་དང་ཁོང་གིས་ཀྲུང་གོ་བ་དང་སྐད་ཆ་ཤོད་རེས་བྱེད་སྟངས་དེ་ཤེས་ནས་ཀྲུང་གོར་ཇི་མ་ཇི་བཞིན་རྒྱུས་གསལ་པོ་ཡོད་མཁན་ཞིག་ཏུ་གྱུར། ཁོང་གིས་ཀྲུང་གོ་བའི་བློ་གྲོས་ཀྱི་ཐོག་ནས་ཀྲུང་གོ་ཆེ་མོའི་ཁུལ་གྱི་པེ་ཅིང་དང་། ཤང་ཀང་། ཐའེ་པེ་བཅས་ཀྱི་ཡན་ལག་སློབ་གླིང་གསུམ་ལ་དོ་དམ་བྱས་ཐོག་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། འཇར་མན་གྱི་དཔེ་དེབ་ཡིག་སྒྱུར་བྱེད་པར་རོགས་རམ་བྱས་པ་དང 《པེ་ཅིང་གི་རྒྱུག་རྩལ 》《སྒྲ་དབྱངས་ཀྱི་སྐོར་སྐྱོད --འཇར་མན་གྱི་གློག་རྡུལ་རོལ་དབྱངས་ཀྱི་མཛེས་ལྗོངས 》ཞེས་པ་སོགས་འདུ་ཤེས་གསར་པའི་རྒྱ་ཡིག་དཔེ་དེབ་པར་སྐྲུན་བྱས་པ་དང་ལྷག་པར་དུ་དུས་ཡུན་ལོ་གསུམ་གྱི་མཛའ་མཐུན་སྤེས་རེས་རྣམ་གྲངས “འཇར་མན་དང་ཀྲུང་གོ་མཉམ་དུ་སྐྱོད ”ཞེས་པ་སོགས་གྲུབ་འབྲས་ཐོབ་པའི་ངང་སྤེལ་ཡོད།
ད་ཆ་བྲེལ་འཚུབ་ཀྱི་འཚོ་བར་གོམས་པའི “ལའོ་ཨ ”ཡིས་ལས་འཁྱུར་བྱས་རྗེས་ཀྱི “རླབས་ཆེའི་འཆར་གཞི ”སྟེ། འཚོ་བ་ལོངས་སྤྱོད་གང་ལེགས་བྱེད་པ་དང་དུས་མཚུངས་འཇར་མན་དང་ཀྲུང་གོའི་དམངས་ཁྲོད་མཛའ་གྲོགས་ཆེད་མུ་མཐུད་ཕན་ཡོད་ཀྱི་བྱ་བ་ཁ་ཤས་བསྒྲུབ་རྒྱུར་བསམ་གཞིག་བྱེད་བཞིན་ཡོད།