མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པོ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་6ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན་ཨ་ཀེན་ཐིན་སྲིད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཞིང་། དེའི་ནང་མའར་ཝུའེ་ན་སི་གླིང་ཚོམ (དབྱིན་ཇིས་ཕུའུ་ཁེ་ལན་གླིང་ཚོམ་ཞེས་བརྗོད་པ )གྱི་གནས་བབ་གཏན་འཁེལ་ཟིན་པས་དབྱེ་འབྱེད་གྲོས་མོལ་བྱ་ཡུལ་གང་ཡང་མེད་ཅེས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱི་གཏམ་བཤད་ལ་སུན་འབྱིན་ཡོད་པ་རེད།
ཚེས་15ཉིན་ཁ་མེ་ལུན་གྱིས་དབྱིན་ཇིའི་རྒྱལ་ཚོགས་ཀྱི་འདྲི་རྩད་དང་ལེན་གནང་སྐབས་མའར་ཝུའེ་ན་སི་གླིང་ཚོམ་གྱི་བདག་དབང་གནད་དོན་ཐད་ཕུ་ཁེ་ལན་གླིང་ཚོམ་ནི་དབྱིན་ཇིའི་མངའ་ཁོངས་ཤིག་ཡིན། གནས་བབ་དེར་འགྱུར་བ་འགྲོ་མི་སྲིད་ལ་དབྱེ་འབྱེད་གྲོས་མོལ་བྱ་ཡུལ་གང་ཡང་མེད་པ་དང “ལོ་རྒྱུས་ཐོག་གཏན་འཁེལ་ཟིན་ཡོད ”ཅེས་གསུངས་པ་རེད། ཨ་ཀེན་ཐིན་སྲིད་གཞུང་གིས་རྣམ་འགྱུར་དེར་རྒོལ་གཏམ་དྲག་པོ་བཏང་ཞིང་། ཨ་ཀེན་ཐིན་གྱི་ཕྱི་འབྲེལ་པུས་གསལ་བསྒྲགས་ཤིག་སྤེལ་ཏེ་མའར་ཝུའེ་ན་སི་གླིང་ཚོམ་གྱི་བདག་དབང་ཨ་ཀེན་ཐིན་ལ་ཡོད་པ་ནི་ཐེ་ཚོམ་སྤུ་ཙམ་ཡང་བྱ་མི་དགོས་པ་ཞིག་ཡིན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ནང་དབྱིན་ཇི་དང་ཨ་ཀེན་ཐིན་གཉིས་ལ་དབྱེ་འབྱེད་གྲོས་མོལ་བརྒྱུད་རྩོད་གཞི་སེལ་རྒྱུའི་བླང་བྱ་བཏོན་ཡོད། ཡིན་ནའང་ཁ་མེ་ལུན་གྱིས་ད་རེས་གཏམ་བཤད་དེ་འདྲ་ཞིག་བྱས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་འགྲན་སློང་བྱས་པ་ཞིག་རེད་ཅེས་བསྟན་ཡོད་པ་རེད།
ཨ་ཀེན་ཐིན་དང་དབྱིན་ཇི་གཉིས་ཀྱིས་མའར་ཝུའེ་ན་སི་གླིང་ཚོམ་གྱི་བདག་དབང་ཐད་ད་བར་རྩོད་གླེང་བྱས་ཤིང་། 1982ལོའི་མའར་ཝུའེ་ན་སི་གླིང་ཚོམ་གྱི་དམག་འཁྲུག་དེ་དབྱིན་ཇིར་རྒྱལ་ཁ་ཐོབ་ནས་མཇུག་འགྲིལ་བ་རེད། ཨ་ཀེན་ཐིན་གཡུལ་ལས་ཕམ་པ་ནས་ད་བར་མའར་ཝུའེ་ན་སི་གླིང་ཚོམ་གྱི་བདག་དབང་ཐད་རེ་བ་བྱེད་མཚམས་བཞག་མྱོང་མེད་པ་རེད། དབྱིན་ཇིས་ཨ་ཀེན་ཐིན་དང་མའར་ཝུའེ་ན་སི་གླིང་ཚོམ་སྐོར་གྱི་གནད་དོན་དབྱེ་འབྱེད་གྲོས་མོལ་བྱ་རྒྱུ་ད་བར་ཁས་ལེན་བྱེད་ཀྱི་མེད་པ་རེད།