དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འདི་ལོ་མོ་ཞི་ཁོའི་མཚོ་ཁུག་དེ་ལོ་རྒྱུས་ཐོག་ཉ་རིགས་ཤི་ཁུལ་ཆེ་ཤོས་སུ་འགྱུར་ཉེན་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཨ་རིའི་ཞིབ་འཇུག་པས་ཡོངས་བསྒྲགས་བྱས་པའི་སྔོན་དཔག་ནང་རྨི་ཤིས་ཤིས་པི་གཙང་པོར་དཔྱིད་དུས་ཆུ་ལོག་བྱུང་བའི་རྐྱེན་གྱིས་འདི་ལོ་མོ་ཞི་ཁོའི་མཚོ་ཁུག་དེ་ལོ་རྒྱུས་ཐོག་ཉ་རིགས་ཤི་ཁུལ་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་ལུགས་བཤད་ཡོད།

        ཉ་རིགས་ཤི་ཁུལ་དེ་ནི་རྒྱ་མཚོའི་ཆུར་འཚོ་བཅུད་མང་ཐག་ཆོད་ནས་ཉ་རིགས་སོགས་སྐྱེ་དངོས་འཚོ་ཐབས་མེད་པ་ཆགས་པའི་ཁུལ་ཞིག་ཡིན་ཞིང་། མོ་ཞི་ཁོའི་ཉ་རིགས་ཤི་ཁུལ་ཆགས་རྐྱེན་ནི་རྨི་ཤིས་ཤིས་པི་གཙང་པོ་རྒྱུག་ཁུལ་གྱི་ཏན་དང་ལིན་འབོར་ཆེན་འདུས་པའི་ཞིང་སྤྱོད་ལུད་རྒྱུ་མོ་ཞི་ཁོའི་མཚོ་ཁུག་ཏུ་བཏང་བས་ཡིན་པ་རེད།

        ཨ་རིའི་ལུའུ་དབྱི་སི་ཨན་ན་སློབ་ཆེན་གྱི་རྒྱ་མཚོའི་མཐུན་ཚོགས་དང་། ལུའུ་དབྱི་སི་ཨན་ན་ཀྲོའུ་སློབ་ཆེན། སྨི་ཤེས་ཀེང་སློབ་ཆེན་བཅས་ཀྱི་ཞིབ་འཇུག་པས་འདི་ལོ་མོ་ཞི་ཁོའི་ཉ་རིགས་ཤི་ཁུལ་གྱི་རྒྱ་ཁྱོན་དེ་སྤྱི་ལེ་ངོས་གྲུ་ཁྲི་2.2ནས་2.44བར་ཟིན་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད་པ་དེ་ཐོག་ནས་འདི་ལོའི་ཉ་རིགས་ཤི་ཁུལ་གྱི་རྒྱ་ཁྱོན་དེ་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཆགས་རྒྱུ་ཡིན་པ་མཚོན་ཡོད། 2002ལོར་མོ་ཞི་ཁོའི་མཚོ་ཁུག་གི་ཉ་རིགས་ཤི་ཁུལ་གྱི་རྒྱ་ཁྱོན་དེ་སྤྱི་ལེ་ངོས་གྲུ་ཁྲི་2.2ཟིན་མྱོང་ཡོད་པ་རེད།

        ཨ་རིའི་ས་གཤིས་ཐིག་ལེན་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་འདི་ལོ་ཟླ་བ་ལྔ་པར་ཨ་རིའི་རྨི་ཤིས་ཤིས་པི་གཙང་ཆུ་དང་ཨ་ཁྲ་ཧྥ་ལ་ཡ་གཙང་ཆུ་རྒྱུག་ཚད་དེ་རྒྱུན་ལྡན་གྱི་ལྡབ་གཉིས་ཙམ་ཟིན་པ་དེས་མོ་ཞི་ཁོའི་མཚོ་ཁུག་ཏུ་རྒྱུག་པའི་ཏན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་མ་ཟད་ཟེ་ཚྭའི་སྐྱུར་ཚྭ་མོ་ཞི་ཁོའི་མཚོ་ཁུག་གི་བྱང་ངོས་སུ་རྒྱུག་པའི་རྐྱེན་གྱིས་ཏན་ཏུན་ཁྲི་16.4ཟིན་བཟོ་ཡོད་པ་དེ་འདས་ཟིན་པའི་ལོ་32རིང་གི་ལོ་རེའི་ཟླ་བ་ལྔ་པའི་ཆ་སྙོམས་རྒྱུག་ཚད་ལས་35%ཡིས་མང་བ་ཡོད་པ་མངོན་ཡོད།

        ཏན་དང་ལིན་འབོར་ཆེན་མོ་ཞི་ཁོའི་མཚོ་ཁུག་ཏུ་རྒྱུག་རྗེས་མཚོ་སྐྱེས་སྔོ་རིགས་སོགས་ཤུགས་ཆེན་སྐྱེ་གི་ཡོད་པས་གལ་ཏེ་དེ་དག་སྲོག་ཆགས་གཞན་གྱིས་མ་བཟས་ཚེ་སྔོ་རིགས་རྣམས་འབུ་ཕྲས་བཟས་ནས་མཚོའི་ནང་གི་གསོ་རླུང་འབོར་ཆེན་བརྔུབས་པར་བརྟེན་ཉ་རིགས་འཚོ་ཐབས་མེད་པ་ཆགས་རྒྱུ་རེད། འདས་ཟིན་པའི་ལོ་ལྔའི་ནང་མོ་ཞི་ཁོའི་མཚོ་ཁུག་གི་ཉ་རིགས་ཤི་ཁུལ་གྱི་ཆ་སྙོམས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.55ལས་བརྒལ་ཡོད་པ་རེད།

        ཉ་རིགས་ཤི་ཁུལ་དེས་མོ་ཞི་ཁོའི་མཚོ་ཁུག་གི་ཚོང་ལས་དང་ཉ་ལས་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་ཅིང་། 2001ལོ་ནས་བཟུང་ཨ་རིའི་འབྲེལ་ཡོད་སྡེ་ཚན་གྱིས་མོ་ཞི་ཁོའི་མཚོ་ཁུག་གི་ཉ་རིགས་ཤི་ཁུལ་གྱི་རྒྱ་ཁྱོན་ཚོད་འཛིན་གྱི་བྱ་ཐབས་སྤྱོད་འགོ་བཙུགས་པ་མ་ཟད་2015ལོར་སླེབས་སྐབས་ཉ་རིགས་ཤི་ཁུལ་གྱི་རྒྱ་ཁྱོན་དེ་སྤྱི་ལེ་ངོས་གྲུ་5200ཙམ་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུའི་དམིགས་ཚད་བཟོས་ཡོད་ཀྱང་ད་བར་ཕན་འབྲས་དེ་ཙམ་ཐོན་མེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།