དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིས་ལྐོག་ཏུ་གྲིབ་གཟུགས་དྲ་སྦྲེལ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨ་རིར་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཁྲེན་དབྱི་མིང་།   |     སྤེལ་དུས།  2015-05-15

        ཨ་རིའི 《ཉིའུ་གཡོད་སྐབས་དོན་ཚགས་པར 》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་ཨ་རི་སྲིད་གཞུང་གིས་ཨ་སྒོར་ཁྲི་7000གི་མ་དངུལ་འབོར་ཆེན་བཏང་ནས “གསང་བའི་དྲ་སྦྲེལ ”དང “སྒུལ་བདེའི་ཁ་པར་གྱི་འཕྲིན་གཏོང་དྲ་བ ”བཙུགས་པ་དེའི་དམིགས་ཡུལ་ནི་དབྱི་རན་དང་། སི་རི་ཡ། ལི་པི་ཡ་སོགས་རྒྱལ་ཁབ་ཀྱི་ངོ་རྒོལ་ཤོག་ཁག་ལ་རྒྱལ་ཁབ་དེ་གའི་དྲ་སྦྲེལ་གྱི་ལྟ་ཞིབ་ཚོད་འཛིན་ནམ་ཡང་ན་བཀག་རྒྱ་ལས་གཡོལ་རོགས་བྱས་ཏེ་ཁོང་ཚོའི་དབར་དང་ཕྱི་ཕྱོགས་དབར “རང་དབང་ངང་འབྲེལ་གཏུག ”ཐུབ་པ་བྱ་ཆེད་རེད།

        “གསང་བའི་དྲ་སྦྲེལ ”ཟེར་བ་དེར “གྲིབ་གཟུགས་དྲ་སྦྲེལ ”ཡང་བརྗོད་པ་དང་ལག་རྩལ་བྱེད་ཐབས་བརྒྱུད་ས་ཆ་ཞིག་ཏུ་འགལ་རྐྱེན་མི་ཐེབས་པའི་དྲ་སྦྲེལ་མ་ལག་ཆ་ཚང་ཞིག་གསང་བའི་ཐོག་ནས་བཙུགས་ཏེ་རོགས་པ་བྱེད་ཡུལ་ལ་དེ་གནས་ཡུལ་གྱི་དྲ་སྦྲེལ་གཙོ་བོ་ལས་གཡོལ་རོགས་བྱེད་པའི་ལག་རྩལ་ཞིག་རེད། མིག་སྔར་ཨ་རིའི་འབྲེལ་ཡོད་སྡེ་ཚན་གྱིས་ཨ་སྒོར་ཁྲི་200བཏང་ནས་རྒྱལ་ས་ཝ་ཧྲིང་ཐོན་དུ་དྲ་སྦྲེལ་ལག་རྩལ་མཁས་པ་ན་གཞོན་ཁ་ཤས་ལ་རོགས་སྐྱོར་བྱས་ཏེ་སྐུད་མེད་གནམ་སྐུད་དང་། ལག་ཁྱེར་གློག་ཀླད། སྐུལ་ཆས་ཆུང་གྲས། འོད་སྡེར་སོགས་སྟབས་བདེའི་སྒྲིག་ཆས་སྤྱད་དེ “གྲིབ་གཟུགས་དྲ་སྦྲེལ ”འཛུགས་པའི་ལག་རྩལ་ཞིབ་སྤེལ་བྱས་པ་རེད། སྒྲིག་ཆས་དེ་དག་བོངས་ཚད་ཆུང་བས་ལག་ཁྱེར་སྒམ་ཅིག་ནང་བླུགས་ཐུབ་ཀྱི་ཡོད་པ་དང “ཀོ་ཁུག་དྲ་སྦྲེལ ”དེ་རིགས་ས་ཆ་ཞིག་ཏུ་དབོར་རྗེས་རོགས་པ་བྱེད་ཡུལ་ལ་སྐུད་མེད་དྲ་སྦྲེལ་ཞབས་ཞུ་བྱེད་ཐུབ་ཀྱི་ཡོད།

        “སྒུལ་བདེའི་ཁ་པར་གྱི་འཕྲིན་གཏོང་དྲ་བ ”དེ་ཨ་ཧྥུ་ཀ་ནི་སི་ཐན་དུ་དངོས་སུ་བཀོལ་སྤྱོད་བྱེད་འགོ་ཚུགས་ཡོད། ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་ནང་ཨ་རིས་ཨ་སྒོར་ཁྲི་5000བཏང་ནས་རང་ཚུགས་ཀྱི་ལག་འཁྱེར་ཁ་པར་གྱི་དྲ་སྦྲེལ་མ་ལག་ཅིག་གསང་བའི་ཐོག་ནས་བཙུགས་ཏེ་བརྡ་རྟགས་སྒྲོམ་སྟེགས་ཚང་མ་ཨ་དམག་གི་འཕྲིན་གཏོང་སྒྲོམ་སྟེགས་སྤྱོད་པ་དང་ཚོད་འཛིན་དམ་ཚགས་བྱས་པའི་ཨ་དམག་གི་རྟེན་གཞིའི་ནང་བཙུགས་པར་བརྟེན་ནས་དྲག་ཆས་པའི་འཇབ་རྒོལ་ལ་དོགས་ཟོན་བྱེད་ཀྱི་ཡོད། འཕྲིན་གཏོང་དྲ་བ་དེ་ཡོད་པས་ལག་ཁྱེར་ཁ་པར་དཀྱུས་མའི་དྲ་སྦྲེལ་ཆད་ཀྱང་ས་ཆ་དེ་གར་ལག་ཁྱེར་ཁ་པར་སྔར་བཞིན་སྤྱོད་ཐུབ་ཀྱི་ཡོད།

        ཨ་རིས་གསང་ཉུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དྲ་སྦྲེལ་ལག་རྩལ་དེ་ཐབས་བརྒྱ་ཇུས་སྟོང་ངང་ཞིབ་སྤེལ་བྱེད་པ་དེ་ཨ་རི་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས “དྲ་སྦྲེལ་རང་དབང ”ཟེར་བ་འུད་སྒྲོག་བྱས་པ་དེ་དང་ཁ་འབྲལ་ཐབས་མེད། འདི་ལོའི་ཟླ་གཉིས་པའི་གཏམ་བཤད་ཐེངས་གཅིག་ཁྲོད་ཤི་ལ་ལིས་ད་དུང “དམངས་གཙོ་དང་ཞི་བདེ་སྨྲ་བ ”དང “འགྲོ་བ་མིའི་ཐོབ་ཐང་གི་ཕྱི་འབྲེལ ”སོགས་ཨ་རིའི་སྲོལ་རྒྱུན་གྱི་ཕྱི་འབྲེལ་འདུ་ཤེས་དང་ཟུང་འབྲེལ་བྱས་ནས་དྲ་སྦྲེལ་གྱི་ལག་རྩལ་ཇི་ལྟར་བྱས་ཏེ་སྤྱོད་དགོས་པ་དང་ལྷག་པར་དུ་ལེན་ཕུའུ་དང་། ཐུའེ་ཐེ། youtubeསོགས་སྤྱི་ཚོགས་ཀྱི་འབྲེལ་བ་དང་བཪྙན་མཐོང་དྲ་ཚིགས་ལ་བརྟེན་ནས “འཛམ་གླིང་དབུས་ཤར་ས་ཁུལ་དུ་ཨ་རིའི་དམངས་གཙོ་སྐུལ་འདེད་གཏོང་བར་རོགས་རམ་བྱེད་དགོས ”པའི་དབྱེ་ཞིབ་བྱས་པ་རེད།

        དབྱེ་ཞིབ་མི་སྣས་ཨ་རི་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས “གསང་བའི་དྲ་སྦྲེལ ”དང “སྒུལ་བདེའི་ཁ་པར་གྱི་འཕྲིན་གཏོང་དྲ་བ ”སོགས་ལག་རྩལ་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་རྒྱལ་ཁབ་གཞན་དག་ཏུ་ཨ་རིའི་རིན་ཐང་ལྟ་བ་ཁྱབ་པ་བྱས་ནས་དེའི་ཡུན་རིང་གི་ཕྱི་འབྲེལ་སྲིད་ཇུས་ལ་ཞབས་ཞུ་བྱ་ཆེད་རེད། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཨ་རིས “ཨ་རིའི་རྒྱང་བསྲིངས་རླུང་འཕྲིན ”དང་། “རང་དབང་ཡོ་རོབ་རླུང་འཕྲིན ”“རང་དབང་ཨེ་ཤེ་ཡའི་རླུང་འཕྲིན ”སོགས་རླུང་འཕྲིན་གཏོང་བའི་ཐོག་ནས་དེའི་འདུ་ཤེས་བརྒྱུད་སྤེལ་བྱེད་ཀྱི་ཡོད། དྲ་སྦྲེལ་དར་བ་དང་སྦྲགས་ཨ་རིས་འདུ་ཤེས་འཛིན་སྟངས་ཀྱི་དམག་ས་གཙོ་བོ་དེ་དྲ་སྦྲེལ་བར་སྣང་ཐོག་སྤོས་ཡོད་ལུགས་བསྟན་ཡོད།

        མངའ་ཁོངས་ཕྱི་རོལ་དུ “དྲ་སྦྲེལ་རང་དབང ”འབད་བརྩོན་ཆེན་པོས་ཁྱབ་གདལ་བཏང་ནས་ཆ་འཕྲིན་ཁྱབ་གདལ་གཏོང་སླ་བའི་དྲ་སྦྲེལ་ལག་རྩལ་ཡོངས་བསྒྲགས་སམ་ཡང་ན་གསང་བའི་ཐོག་ནས་ཞིབ་བཟོ་བྱེད་པ་ཕུད་ཨ་རི་ནི་ད་དུང་ཧེག་པའི་ལག་རྩལ་སྟོབས་ཆེའི་རྒྱལ་ཁབ་ཅིག་ཀྱང་རེད། དབྱིན་ཇིའི 《བདེ་སྲུང་ཚགས་པར 》ཐོག་ཉེ་དུས་གནས་ཚུལ་སྤེལ་བར་གཞིགས་ན་ཨ་རིའི་ཧེག་པ་25%ཙམ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི་གསང་མྱུལ་ལ་་གྱུར་ཡོད། དེ་གོང 《བདེ་སྲུང་ཚགས་པར 》ཐོག་འདི་ལོའི་ཟླ་གསུམ་པར་ཨ་དམག་གིས “དྲ་སྦྲེལ་ཆུ་དམག ”འཛུགས་བཞིན་ཡོད་པའི་གནས་ཚུལ་ཡོངས་བསྒྲགས་ཀྱང་བྱས་ཡོད།

        དབྱེ་ཞིབ་མི་སྣ་ཞིག་གིས “དྲ་སྦྲེལ་རང་དབང ”སྔ་ཕྱི་བར་གསུམ་དུ་ཤོད་པའི་ཨ་རིས་རྒྱལ་སྤྱིའི་དྲ་སྦྲེལ་གྱི་ཞབས་ཞུའི་ཡོ་ཆས་13ཚང་མ་སྟངས་འཛིན་བྱས་ཡོད་པས་དྲ་སྦྲེལ་གྱི་རང་དབང་དང་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད་འཛམ་གླིང་རྒྱལ་ཁབ་ཁག་གིས་ཨ་རིར་ཞབས་ཞུའི་ཡོ་ཆས་དེ་དག་གི་ཚོད་འཛིན་བྱེད་དབང་དེ་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ལ་དོ་དམ་བྱ་རྒྱུར་སྤྲོད་དགོས་པའི་བླང་བྱ་བཏོན་མོད། འོན་ཀྱང་ཨ་རིས་དེའི་ཐད་ཐོག་མཐའ་བར་གསུམ་དུ་སྣང་མེད་དང་ཁ་ཡ་གཏན་ནས་བྱས་མེད་ཅེས་བསྟན་ཡོད། མི་རྣམས་ཀྱིས་ཨ་རིས་དངོས་འབྲེལ་དགའ་སྣང་བྱེད་པ་དེ་ཡང་སྙིང་དྲ་སྦྲེལ་གྱི་རང་དབང་ཡིན་ནམ་ཡང་ན་ཨ་རིས་དྲ་སྦྲེལ་བརྒྱུད་རྒྱལ་ཁབ་གཞན་དག་གི་ལག་རྩལ་ལ་ཐེ་ཇུས་བྱེད་པ་དང་། མགོ་རྟིང་སློག་པ། ཕར་རྒོལ་བྱེད་པ་བཅས་ཀྱི་རང་དབང་དེ་ཡིན་པ་དབང་མེད་དུ་འདྲི་སྲིད།

        རིགས་གཅིག་མཁས་ཅན་གྱི་དཔྱད་གླེང་།

        ཤའོ་ཐེ་ཕུང (ཀྲུང་གོ་དམག་དོན་ཚན་རིག་ཁང་གི་འཛམ་གླིང་དམག་དོན་ཞིབ་འཇུག་པུའི་ཞིབ་འཇུག་པ )

        ཨ་རིས “གྲིབ་གཟུགས་དྲ་སྦྲེལ ”གསར་སྤེལ་དང་བཀོད་སྒྲིག་བྱེད་པའི་གཞི་རྩའི་དམིགས་ཡུལ་ནི་ཨ་རིའི་ཆ་འཕྲིན་ལག་རྩལ་གྱི་ལེགས་ཆ་སྤྱད་ནས་དགྲར་འཛིན་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་བསློགས་ནས་ཨ་རིའི་བཙན་དབང་གི་གནས་བབ་སྲུང་སྐྱོང་བྱ་རྒྱུ་དེ་རེད།

        དྲ་སྦྲེལ་ནི་ཨ་རི་བས་གསར་གཏོད་བྱས་པ་ཞིག་ཡིན་པ་དང་ཨ་རི་བས་དྲ་སྦྲེལ་ལེགས་པར་སྤྱད་ནས “དྲ་སྦྲེལ་ཕྱི་འབྲེལ ”ཁྱབ་གདལ་གཏོང་རྒྱུ་བརྗེད་ག་ལ་སྲིད། 2010ལོའི་ལོ་མཇུག་ཏུ་འཛམ་གླིང་དབུས་ཤར་དང་ཨ་ཧྥེ་རི་ཁེའི་བྱང་མའི་དུས་བབ་ཡམ་ཡོམ་བྱུང་ཚུན་ཨ་རིས་དགྲར་འཛིན་རྒྱལ་ཁབ་ཀྱི་ངོ་རྒོལ་ཤོག་ཁག་ལ་རམ་འདེགས་ཤུགས་ཆེན་བྱེད་པ་དང་འབྲེལ་དྲ་སྦྲེལ་བརྒྱུད་དུས་བབ་ཟང་ཟིང་བཟོས་ནས་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་ཀྱི་ཡོད།

        ཨ་རིས “གྲིབ་གཟུགས་དྲ་སྦྲེལ ”ཁྱབ་གདལ་གཏོང་བ་དང་ཆབས་ཅིག་གནས་ཚུལ་མང་པོ་ཞིག་ཐོན་སྲིད་པ་སྟེ། གཅིག་ནི་ཨ་རིའི་དགྲར་འཛིན་རྒྱལ་ཁབ་ཀྱི་དྲ་སྦྲེལ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་འཇིགས་སྐུལ་དེ་བས་ཆེ་བ་ཕོག་སྲིད། རྒྱལ་ཁབ་དེ་དག་མང་ཆེ་བ་དང་ཨ་རིའི་དབར་ཆ་འཕྲིན་ལག་རྩལ་གྱི་ཧེ་བག་ཆེན་པོ་ཡོད་སྟབས “གྲིབ་གཟུགས་དྲ་སྦྲེལ ”དུས་ཐོག་ཏུ་འགོག་ཐབས་བྲལ་བར་བརྟེན་དྲ་སྦྲེལ་ལ་གཙོ་ཁྲིད་བྱེད་དབང་བྲལ་ནས་སྲིད་དབང་གི་བརྟན་ལྷིང་ལ་ཉེན་ཁ་བཟོ་གི་ཡོད། གཉིས་ནི་དྲ་སྦྲེལ་ཁྱབ་ཁོངས་སུ་འཐབ་རྩོད་གསར་པ་ཡོང་སྲིད། དྲ་སྦྲེལ་ཁྱབ་ཁོངས་ཀྱི་ཨ་རིའི་ལག་རྩལ་དེ་རིགས་ནི་དྲ་སྦྲེལ་གྱི་བྱ་སྤྱོད་གསར་པ་ཞིག་ཡིན་པ་དང་རྒྱལ་སྤྱིའི་རྩ་ཁྲིམས་ནང་རྒྱལ་ཁབ་གཞན་དག་གི་བདག་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ཅིག་རེད་ཅེས་གསལ་པོར་བཏོན་ཡོད། རྒྱལ་ཁབ་གཞན་དག་གིས་རང་སྲུང་བྱེད་པའི་དམིགས་ཡུལ་ཆེད་དུ་སྔར་བྱུང་མྱོང་མེད་པའི “དྲ་སྦྲེལ་གྱི་འགོག་སྲུང་དམག་འཐབ ”ཅིག་ལངས་སྲིད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།