ཤིན་ཧྭ་གསར་འགྱུར་ཁང་པུ་རུ་སེར་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། འཛམ་གླིང་ཐོག་གི་ཉི་འོད་ནུས་པའི་གནམ་གྲུ་ཆེ་ཤོས་ཏེ་སུའེ་ཙེར་གྱིས་བཟོས་པའི “ཉི་འོད་སྒུལ་བྱེད ”རྟགས་ཅན་ཚེས་11ཉིན་གྱི་དགོང་མོ་རྒྱལ་མཚམས་བསྒྲལ་ནས་འཕུར་སྐྱོད་བྱེད་སྐབས་བར་ཆད་བྱུང་བ་དང་། གནམ་གཤིས་ཀྱི་ཆ་རྐྱེན་ཡག་པོ་མེད་པའི་ཁར་འཕྲུལ་ཆས་ལ་སྐྱོན་ཤོར་བའི་དབང་གིས་དེ་སྔའི་འཆར་གཞི་ལྟར་ན་པི་ལི་ཧྲིའི་པུ་རུ་སེར་ནས་ཧྥ་རན་སེའི་ཕ་རི་སིར་འཕུར་སྐྱོད་བྱེད་རྩིས་ཡོད་པའི་ཉི་འོད་ནུས་པའི་གནམ་གྲུ་དེ་ལམ་བར་དུ་ཕྱིར་ལོག་མི་བྱེད་ཀ་མེད་བྱུང་ཡོད་པ་དང་མཚན་དགུང་དུ་སླར་ཡང་པུ་རུ་སེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་བབས་ཡོད་པ་རེད།
“ཉི་འོད་སྒུལ་བྱེད ”རྟགས་ཅན་དེ་སྔའི་གཏན་འབེབས་ལྟར་ན་ཚེས་12ཉིན་གྱི་ཐོ་རེངས་སུ་ཧྥ་རན་སེའི་པུ་ཤེའར་གནམ་ཐང་དུ་འཕུར་སྐྱོད་བྱས་ནས་ཕ་རི་སིའི་མཁའ་འགྲུལ་གནམ་གྲུའི་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་མོད། འོན་ཀྱང “ཉི་འོད་སྒུལ་བྱེད ”རྟགས་ཅན་རྣམ་གྲངས་འགན་འཁུར་ཚོགས་པས་དེའི་གཞུང་ཕྱོགས་ཀྱི་དཔོད་ཁུག་ཐོག་བདེ་འཇགས་ལ་བསམ་གཞིགས་བྱས་ནས་གནམ་གྲུའི་འཕུར་ལམ་ལ་གནས་སྐབས་འགྱུར་ལྡོག་བཏང་ནས་པུ་རུ་སེར་གནམ་ཐང་དུ་ཕྱིར་ལོག་བྱེད་དུ་བཅུག་ཡོད་པ་དང་ཚེས་14ཉིན་སླར་ཡང་ཕ་རི་སིར་འཕུར་སྐྱོད་བྱ་རྒྱུ་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
གནམ་གྲུ་དེས་2010ལོའི་ཟླ་བདུན་པར་ཆུ་ཚོད་24རིང་རྒྱུན་ཆད་མེད་པར་འཕུར་སྐྱོད་བྱེད་རྒྱུ་ལེགས་གྲུབ་བྱུང་ནས་མིའི་རིགས་ཀྱི་འཕུར་སྐྱོད་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད། འདི་ལོའི་ཟླ་5ཚེས་13ཉིན་གནམ་གྲུ་དེ་གྲུབ་འབྲས་ཐོབ་་པའི་ངང་རྒྱལ་མཚམས་ལས་བསྒྲལ་ནས་འཕུར་སྐྱོད་ཐེངས་དང་པོ་བྱས་ཡོད་པ་སྟེ་སུའེ་ཙེར་གྱི་ཕ་ཡེ་ན་ནས་ཆུ་ཚོད་13རིང་འཕུར་སྐྱོད་བྱས་ཏེ་ཧྥ་རན་སེ་དང་ལུ་ཙེམ་པོག་བརྒྱུད་པུ་རུ་སེར་འབྱོར་ཡོད་པ་རེད།