དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལེ་དབར་ཁྲི་ཡིས་ཆོད་པའི་ལ་ཏིང་མེ་གླིང་དུ་བསྐྱོད་ནས་མཛའ་གྲོགས་ཀྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཏུའུ་ཧྲང་ཙེ་དང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཆན་ཏུང་གིས།   |     སྤེལ་དུས།  2015-05-15

        ཟླ་ 6 ཚེས་ 4 ནས་ཚེས་ 11 ཉིན་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་ཁུ་པ་དང་། ཝུ་ར་ཀུའེ། ཆི་ལི་བཅས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གསུམ་པོར་དངོས་གཞིའི་འཚམས་འདྲི་གནང་བ་རེད།

        ཕྱོགས་གཉིས་པོའི་འབྲེལ་བ་གང་བསམ་ལྷུག་གླེང་གནང་བ་དང་། གཉིས་ཕན་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་དུ་གླེང་གནང་བ། ལ་ཏིང་མེ་གླིང་གི་སྲིད་ཇུས་རྒྱས་བཤད་གནང་བ་སོགས་ལ་ཏིང་མེ་གླིང་གི་སྐམ་ས་ཆེ་མོར་འཚམས་འདྲི་གནང་རིང་ཞིས་ཅིན་ཕིང་བྱེད་སྒོ་ཐེངས་བཅུ་ཡི་ནང་ཞུགས་ཏེ་རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་ལྷན་རྒྱས་དང་བཞུགས་མོལ་ཐུག་འཕྲད་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་འཁུར་བྱེད་པའི་གནང་དོན་ཐད་དགོངས་འཆར་གསུངས་རེས་གནང་ཁར་སྡེ་ཁུལ་དང་ལས་ཡུལ་དུ་ཕེབས་ནས་རྒྱལ་ཁབ་གསུམ་པོའི་ལས་རིགས་ཁག་གི་མི་སྣ་དང་སྤེལ་རེས་ཤུགས་ཆེན་གནང་བ་རེད། ད་རེས་ཀྲུང་ཞི་གཞོན་པ་ཞིས་ཅིན་ཕིང་འཚམས་འདྲི་གནང་བའི་ནང་དོན་ཕུན་སུམ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད་ཅིང་། ད་རེས་འཚམས་འདྲིར་ཕེབས་པའི་རྒྱལ་ཁབ་གསུམ་པོ་དང་ལ་ཏིང་མེ་གླིང་ས་ཁུལ་དུ་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བ་དེ་འབྱུང་འགྱུར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་མཛེས་སྡུག་ལྡན་པའི་ཇུས་ཆེན་གསར་པ་བཀོད་ཡོད།

        མཛའ་གྲོགས་ཀྱི་ལེའུ་སྟེ། ལོ་རྒྱུས་ཡུན་རིང་གི་མཛའ་གྲོགས་ཟབ་མོ་ལྡན་པ།

        ཅ་ལེ་པེ་རྒྱ་མཚོས་མཐའ་སྐོར་བའི་ཁུ་པར་གྲངས་ལས་འདས་པའི་གླིང་ཕྲན་ཡོད་པ་དང་། ལ་ཕུའུ་ལ་ཐ་ཆུ་བོའི་ཤར་ངོགས་སུ་གནས་པའི་ཝུ་ར་ཀུའེ་དེར་རི་མ་ཐང་དང་ཐང་ཆེན་འདྲེས་ཡོད་པ། ཞི་བདེ་རྒྱ་མཚོ་ཆེན་པོའི་ཤར་ངོགས་སུ་གཡུ་འབྲུག་འཁྱུག་པ་ལྟ་བུར་གནས་པའི་ཆི་ལིའི་ས་ངོས་ཆགས་ཚུལ་ཁྱད་དུ་འཕགས་པ་ཞིག་ཡོད་པ་བཅས་གནས་ཡུལ་དང་། རྒྱལ་ཁབ་དང་དམངས་ཀྱི་གནས་ཚུལ།

        དཔལ་འབྱོར་གོང་འཕེལ་འགྲོ་བའི་དུས་མཚམས་བཅས་མི་འདྲ་ནའང་ཀྲུང་གོའི་དབར་གྱི་འབྲེལ་བ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་རྒྱལ་ཁབ་གསུམ་པོའི་སྤྲོ་སེམས་ཆེན་པོ་ཡོད་ཅིང་། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་འཚམས་འདྲི་གནང་བར་ཕེབས་པར་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།

        ཧ་ཝ་ནར་ཁུ་པ་རྒྱལ་དོན་ཨུ་ལྷན་གྱི་ཀྲུའུ་ཞི་དང་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཅིག་ལྕོགས་ལའོ་འར ·ཁ་སི་ཐེ་ལུའོ་ཡིས་བཞུགས་མོལ་དང་དགའ་བསུ་ཞུ་བའི་གསོལ་སྟོན་གཙོ་སྐྱོང་གནང་བ་མ་ཟད “ཀྭ་ཡ་པེ་ལ ”ཡི་སྲོལ་རྒྱུན་གྱི་འོག་འཇུག་མཆོད་ནས་ཞིས་ཅིན་ཕིང་དང་ལྷན་དུ་ཧ་ཝ་ནའི་གྲོང་ཁུལ་ཪྙིང་པར་རྟོག་ཞིབ་གནང་བ་དང 《ཤར་ཕྱོགས་དམར 》ཞེས་པའི་གླུ་གཞས་རྒྱ་སྐད་ཐོག་ནས་བཏང་གནང་བས་སྐུ་ཚབ་ཚོགས་པའི་ཚོགས་མི་ཡོངས་ཀྱི་སྤྲོ་བ་འཕེལ་ཡོད། ཁུ་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གཙོ་བོ་མ་ཁྲ་ཏུའོ་དང་། པའར་ཏེ་སི། ལ་སུའོ་སོགས་ཀྱིས་ཁུ་པའི་ལྟ་སྐོར་དང་རྟོག་ཞིབ་བྱེད་སྒོ་ཁག་ནང་ཀྲུའུ་ཞི་ཞིས་ཅིན་ཕིང་ལ་ཕེབས་རོགས་ཞུས་པ་རེད། ཞིས་ཅིན་ཕིང་གིས་ཁུ་པའི་གསར་བརྗེའི་འགོ་ཁྲིད་པ་ཕེ་ཏེའར ·ཁ་སི་ཐེ་ལུའོ་ལ་མཛའ་བརྩེའི་ངང་གཟིགས་པ་རེད།

        མོང་ཐེ་ཝེ་ཏི་ལར་ཝུ་ར་ཀུའེ་ཙུང་ཐུང་མུའུ་ཞིས་ཁ་ཡིས་ཙུང་ཐུང་གཞོན་པ་ཨ་སི་ཐུའོ་ལི་དང་ནང་བློན་ཁང་གི་པུའུ་ཀྲང་གཙོ་བོའི་སྣེ་ཁྲིད་གནང་ནས་གྲོས་མོལ་ནང་ཞུགས་ཤིང་། གྲོས་མོལ་གོང་ཝུ་ར་ཀུའེ་དམག་དཔོན་ཞིག་གིས་ཀྲུང་གོའི་མི་དམངས་ཀྱིས་རྒྱུས་མངའ་ཡོད་པའི་དམངས་གླུ་དཀྲོལ་གནང་ནས་སྒམ་བརླིང་གཟབ་ནན་གྱི་ཆབ་སྲིད་ཐད་ཀྱི་གྲོས་མོལ་དེར་སྤྲོ་སེམས་འཁོལ་བའི་རྣམ་པ་ཞིག་སྣོན་རྒྱུ་ཝུ་ར་ཀུའེ་ཕྱོགས་ཀྱིས་ཆེད་མངགས་བཀོད་སྒྲིག་བྱས་ཡོད་ཅིང་། ཉིན་དེའི་མཚན་མོར་ཞལ་མ་གྱེས་གོང་མུའུ་ཞིས་ཁ་ཡིས་གྲང་ངར་ལ་མི་བལྟོས་པར་གནམ་ཐང་དུ་ཕེབས་ནས་ཕེབས་སྐྱེལ་ཞུས་པ་དང་ཞིས་ཅིན་ཕིང་དང་མཛའ་བརྩེའི་ངང་ཞལ་གྱེས་གླེང་མོལ་ཡང་གནང་བ་རེད།

        སན་ཐེ་ཡ་ཀོར་ཆི་ལིའི་ཙུང་ཐུང་ཕི་ཉི་ལ་ཡིས་ལོ་ཕྱེད་གོང་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་བར་དྲན་གསོ་ཞུས་ནས “ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་ཆི་ལི་འདི་ཉིད་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་གི་མདུན་གྲལ་དུ་སླེབས་ཡོད་པ་མ་ཟད་སླད་ཕྱིན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་བཏོན་འདོད་ཡོད ”ཅེས་སྤོབས་སེམས་ལྡན་པའི་ངང་གསུངས་པ་རེད།

        ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གསུམ་པོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་གདེང་འཇོག་གང་ལེགས་གནང་བ་སྟེ།

        ——ཀྲུང་གོ་དང་ཁུ་པའི་དབར་གྱི་འབྲེལ་བ་དེས་རྒྱལ་སྤྱིའི་འཕོ་འགྱུར་ཆེ་བའི་ཉམས་སད་ཐེག་ཐུབ་པ་བྱུང་ནས་ཡུན་རིང་ནང་དེ་བས་བརྟན་དུ་ཕྱིན་ཡོད་ཅིང་། ཀྲུང་གོ་དང་ཁུ་པའི་དབར་གྱི་འབྲེལ་བ་གོང་འཕེལ་ཡག་པོ་ཕྱིན་ནས་སྐྱེ་བོ་ཀུན་སེམས་འགུལ་ཐེབས་འོས་པ་ཞིག་བྱུང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཀྲུང་གོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

        ——ཀྲུང་གོ་དང་ཝུ་ར་ཀུའེ་དབར་གྱི་འབྲེལ་བ་མུ་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་ནང་གི་དངོས་སྒྲུབ་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད།

        ——ཀྲུང་གོ་དང་ཆི་ལི་དབར་གྱི་འབྲེལ་བ་དེས་ཉམས་སད་སྣ་ཚོགས་ཐེག་ནས་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

        མཐོ་རིམ་དབར་འགྲོ་འོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོའི་ཁྱབ་ཁོངས་ནང་འབྲེལ་གཏུགས་བྱེད་པ་དང་མཐུན་སྦྱོར་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་སོགས་དེ་དག་ཞིས་ཅིན་ཕིང་གིས་བཏོན་གནང་བའི་ཀྲུང་གོ་དང་རྒྱལ་ཁབ་གསུམ་པོ་དེ་དག་ལ་འཚམས་འདྲིར་ཕེབས་པའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐུན་མོང་གི་བརྗོད་བྱ་གཙོ་བོར་གྱུར་ནས་རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་ཀྱིས་དང་ལེན་ཧུར་ཐག་ཞུས་པ་རེད།

        མཉམ་ལས་ཀྱི་ལེའུ་སྟེ། གཉིས་ཁེ་གཉིས་ཕན་དང་འཕེལ་རྒྱས་དོན་གཉེར་བྱས་པ།

        ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོ་ཆེན་པོས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྐམ་ས་ཆེན་པོ་དབར་ས་ཐག་རིང་པོ་ཆོད་ནའང་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་སྡུད་བྱས་པའི་ས་ཁུལ་གཞན་དག་དང་གཉིས་ཕན་མཉམ་ལས་བྱེད་པའི་གོམ་སྟབས་ལ་བཀག་འགོག་བྱེད་ཐབས་བྲལ་ཡོད།

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་ཕེབས་སའི་རྒྱལ་ཁབ་གསུམ་པོར་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་དབར་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་པའི་ཡིག་ཆར་མིང་རྟགས་བཀོད་པ་དེ་འཚམས་འདྲིའི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་ནང་དོན་ཞིག་ཏུ་གྱུར་ཡོད།

        ཁུ་པར་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་ཁག་13 ལ་མིང་རྟགས་བཀོད་པ་དེ་ནུས་རྒྱུ་དང་། གློག་འཕྲིན། འགྲིམ་འགྲུལ། སྐྱེ་དངོས་ལག་རྩལ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད།

        ཝུ་ར་ཀུའེ་རུ་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་ཁག་18 ལ་མིང་རྟགས་བཀོད་པ་དེ་དངུལ་རྩ་དང་ཡུལ་སྐོར་སྤྲོ་འཆམ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱི་ཉོ་སྒྲུབ་དངུལ་འབོར་སྒོར་དུང་ཕྱུར་5.28ཟིན་ཡོད།

        ཆི་ལིར་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་ཁག་9ལ་མིང་རྟགས་བཀོད་ཡོད་པ་དང་ཕྱོགས་གཉིས་པོའི་མཉམ་ལས་དེ་དངོས་ཟོག་ཉོ་ཚོང་ནས་ཞབས་ཞུའི་ཉོ་ཚོང་དང་ཕན་ཚུན་མ་འཇོག་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ནང་རིམ་བཞིན་གྱུར་ཡོད།

        ཀྲུང་གོ་དང་རྒྱལ་ཁབ་གསུམ་པོའི་དབར་ཁྱབ་ཁོངས་ཁག་ནང་གི་དངོས་སྒྲུབ་མཉམ་ལས་བྱ་རྒྱུ་དེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ས་ཁུལ་ཡོངས་དབར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དངོས་སྒྲུབ་མཉམ་ལས་ཀྱི་བསྡུས་རིས་ཤིག་ཡིན།

        དུས་རབས་གསར་པར་སླེབས་ཚུན་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོའི་ཉོ་ཚོང་བསྡོམས་འབོར་དེ་ལོ་རེར་ཆ་སྙོམས་34.2%ཀྱི་འཕར་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད། མ་འོངས་པར་ཁ་ཕྱོགས་སྐབས་ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་དཔལ་འབྱོར་མཉམ་ལས་དེ་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཡག་པོ་ཞིག་ཏུ་འགྱུར་རྒྱུར་དེ་བས་མཐོ་བའི་དམིགས་ཚད་བཏོན་གནང་བ་སྟེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་དེ “ཁྱོན་ཡོངས་དང་། གཏིང་ཟབ། དོ་སྙོམས། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར ”སྐུལ་འདེད་བཏང་ནས་ཕན་ཚུན་ཟུར་བསྣན་རིན་ཐང་མཐོ་བའི་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་བྱ་རྒྱུར་སྐུལ་མ་གཏོང་བ་དང་། ཉོ་ཚོང་གི་གཞི་ཁྱོན་ཆེ་རུ་གཏོང་བ། ཉོ་ཚོང་གི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད་ཞིང་ལས་དང་། བཟོ་སྐྲུན་ལས་རིགས། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གསར་པ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་གསར་དར་ཁྱབ་ཁོངས་དེ་དག་རླབས་ཆེའི་མཉམ་ལས་ཀྱི་འཆར་གཞིའི་ནང་འཇུག་དགོས་ཞེས་པ་དེ་རེད།

        ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་དེ་ད་ཆ་སྲ་ཞིང་བརྟན་པའི་རྨང་གཞིའི་ཐོག་དེ་བས་མཐོ་བའི་དམིགས་ཚད་ལ་བརྟེན་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུ་རེད།

        སྲིད་ཇུས་ཀྱི་ལེའུ་སྟེ། སྔ་མཐུད་ཕྱི་སྐྱོང་དང་མ་འོངས་འཆར་འགོད་བྱེད་པ།

        “རྒྱ་མཚོ་ནས་རྒྱ་མཚོའི་བར་དང་། ཐང་གཤོངས་ནས་གངས་རིའི་བར། སྐྱེ་བོ་ཀུན་གྱིས་ཀྲུང་གོར་དོ་སྣང་བྱེད ”ཅེས་པ་དེ་འཛམ་གླིང་དུ་སྐད་གྲགས་ཆོད་པའི་ཆི་ལིའི་སྙན་ངག་པ་ཉེ་ལུའུ་ཏ་དུས་རབས་ཕྱེད་ཙམ་གྱི་གོང་དུ་ཀྲུང་གོར་འཚམས་འདྲིར་ཐེངས་གཉིས་ཕེབས་ནས 《ཀྲུང་གོ་གསར་པའི་གླུ་དབྱངས 》ཞེས་པ་དེའི་ནང་བྲིས་ཡོད། ཉེ་ལུའུ་ཏ་འཚོ་བའི་དུས་རབས་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་རྒྱང་ཐག་རིང་པོ་ཆོད་ཡོད། དེ་སྔ་ཕན་ཚུན་རྒྱང་གིས་ཆོད་པའི་སྐམ་ས་ཆེ་མོ་གཉིས་ད་ཆ་ས་ཐག་རིང་པོར་མ་བལྟོས་པར་དེ་བས་ཉེ་རུ་ཕྱིན་ཡོད།

        དུས་རབས་འདིའི་ལོ་10དང་པོ་དེར་ཕྱིར་དྲན་གནང་སྐབས་ཞིས་ཅིན་ཕིང་གིས་མཐུན་སྒྲིལ་དམ་ཟབ་ཀྱི་ལོ་10དང་། ཐུན་མོང་འཕེལ་རྒྱས་ཀྱི་ལོ་10 མཛའ་གྲོགས་ཟབ་གཏོང་གི་ལོ་10བཅས་ཀྱི་ཐོག་ནས་འདས་ཟིན་པར་ཕྱོགས་སྡོམ་གནང་བ་རེད།

        ལོ་10ཡི་རིང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བར་འགྱུར་ལྡོག་དང་འཕེལ་རྒྱས་གཏིང་ཟབ་བྱུང་ཡོད།

        ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་དེ་འགོ་འཛུགས་ས་གསར་པའི་ཐོག་དེ་བས་མཐོ་བའི་རིམ་པར་སླེབས་ཐུབ་པ་དང་། དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་ནང་ཁྱབ་ཐུབ་པ། དེ་བས་མཐོ་བའི་ཆུ་ཚད་ཐོག་སླེབས་ཐུབ་པ་བཅས་བྱ་ཆེད་ཞིས་ཅིན་ཕིང་གིས “རོགས་ཟླ་ཡག་པོ་བཞིའི ”ཐོག་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྱུང་འགྱུར་གྱི་འབྲེལ་བ་གླེང་གནང་བ་སྟེ། ཆབ་སྲིད་ཐད་ཕན་ཚུན་བརྩི་འཇོག་དང་ཟོལ་མེད་ཡིད་ཆེད་ཀྱི་རོགས་ཟླ་ཡག་པོ་ཞིག་དང་། དཔལ་འབྱོར་ཐད་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཡག་པོ་ཞིག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཕན་ཚུན་སྤེལ་རེས་ཀྱི་མིག་དཔེ་དང་འཆམ་མཐུན་མཉམ་གནས་ཀྱི་རོགས་ཟླ་ཡག་པོ་ཞིག རྒྱལ་སྤྱིའི་ལས་དོན་ཐད་ཕྱར་བ་གྲུ་འདེགས་དང་མཐུན་སྦྱོར་མཉམ་ལས་ཀྱི་རོགས་ཟླ་ཡག་པོ་ཞིག་བཅས་བྱ་རྒྱུ་དེ་རེད།

        དུས་ཐུང་ཉིན་9ཡི་ནང་ལེ་དབར་ཁྲི་ཡི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཕེབས་ལམ་ནང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོ་ཆེ་མོ་བརྒལ་ནས་འཚམས་འདྲི་གནང་སྟེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཛའ་གྲོགས་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་ལ་འབྲེལ་བ་གསར་པ་ཞིག་བཙུགས་པ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁྱོན་ཡོངས་ཀྱི་མཉམ་ལས་དེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་འགྲོ་འགོ་ཚུགས་ཡོད།

        (མི་དམངས་ཉིན་རེའི་ཚགས་པར་ཁང་དུ་སན་ཐེ་ཡ་ཀོ་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།