མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོ་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཕ་ཁི་སི་ཐན་གྱི་ཁའེ་པོ -ཕུའུ་ཧྲི་ཐུའུ་ཞིང་ཆེན་ཆ་འཕྲིན་པུའུ་ཀྲང་ཧུའུ་སའེ་ཨེན་གྱིས་ཞིང་ཆེན་འདིའི་ལྟེ་བའི་གྲོང་ཁྱེར་པའེ་ཧྲ་ཝར་ཐོན་པའི་འབར་གས་ཀྱི་དོན་རྐྱེན་ཐེངས་མང་ནང་མི་མང་པོ་ཤི་རྨས་བྱུང་བ་དང་རྨས་མའི་གནས་ཚུལ་ཛ་དྲག་པོ་ཡོད་སྟབས་ཤི་བའི་མི་གྲངས་མང་དུ་འགྲོ་སྲིད་ཅེས་བཤད་པ་དང་ཉིན་དེར་ཕ་ཁི་སི་ཐན་གྱི་ཐ་ལི་པན་སྒྲིག་འཛུགས་ཀྱིས་འབར་གས་དེ་དང་འབྲེལ་བ་ཡོད་ལུགས་ཁས་མ་བླངས་པ་རེད།
ཚེས་11ཉིན་གྱི་མཚན་མོའི་ཆུ་ཚོད་23དང་སྐར་མ་30ཡི་ཐོག་པའེ་ཧྲ་ཝར་འབར་གས་ཀྱི་དོན་རྐྱེན་ཐེངས་གཉིས་བྱུང་ནས་མི་39ཤི་བ་དེའི་ནང་གསར་འགོད་པ་2ཚུད་ཡོད་ལ་ད་དུང་མི་100ལྷག་ཙམ་རྨས་ཡོད་པ་དང་མཐའ་འཁོར་གྱི་ཚོང་ཁང་20ལྷག་ཙམ་ལ་གཏོར་སྐྱོན་ཕོག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འབར་གས་ཀྱི་དོན་རྐྱེན་དེ་པའེ་ཧྲ་ཝ་གྲོང་ཁུལ་གྱི་ཁའེ་པོར་སྒོ་རྩིས་ཚོང་ཁང་ནང་བྱུང་བ་དང་འབར་གས་བྱུང་སྐབས་མི་རྣམས་ཀྱིས་ཉེ་འདབས་ཀྱི་ཟ་ཁང་ནང་ལྟོ་ཆས་ཟ་བཞིན་ཡོད། དངོས་སུ་མཐོང་མཁན་གྱིས་བཤད་པར་གཞིགས་ན། འབར་གས་ཐེངས་དང་པོའི་འབར་ཤུགས་ཤིན་ཏུ་ཆུང་བ་དང་མི་རྣམས་འབར་གས་བྱུང་ཡུལ་དུ་བལྟ་བར་སླེབས་སྐབས་འབར་ཤུགས་ཆེ་བའི་འབར་གས་ཐེངས་གཉིས་པ་བྱུང་བ་དང་ཉེན་རྟོག་ཕྱོགས་ཀྱིས་འབར་གས་ཐེངས་གཉིས་པ་དེ་རང་ལྕེབ་རྣམ་པའི་འབར་གས་ཤིག་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།