ཕྲན་འཇར་མན་དུ་ཡུལ་སྐོར་སྤྲོ་འཆམ་ལ་སྐྱོད་སྐབས་ལས་རིགས་ཀྱི་གོམས་གཤིས་དབང་གིས་འཇར་མན་གྱི་སློབ་གསོའི་གནས་ཚུལ་ལ་ཆེད་མངགས་རྟོག་ཞིབ་ཟབ་མོ་བྱས་པ་ཡིན། སློབ་གྲྭར་སྐྱོད་པ་དང་སློབ་གྲྭ་གྲོལ་ནས་ཕྱིར་ལོག་པའི་ལམ་བར་དུ་འཇར་མན་གྱི་སློབ་ཕྲུག་ཆུང་ཆུང་ཚོས་ཀྱང་ལྗིད་ཏིག་ཏིག་གི་དཔེ་ཁུག་འཁུར་བ་ཤེས་རྟོགས་བྱུང་བས་རྒྱལ་ནང་དུ “ཕྲུ་གུའི་དཔེ་ཁུག་ཡང་དུ་གཏོང་དགོས་པའི ”འབོད་སྒྲ་ཡང་ཡང་ཐོས་པའི་ཕྲན་ལ་དེ་མ་ཉིད་དུ་འཇར་མན་གྱི་སློབ་གསོར་ཡང “ཁྭ་ཏས་ཕོ་རོག་ལ་ཁྲེལ་རྒོད་རྒྱག་པ ”ལྟར་གྱི་ཚོར་སྣང་བྱུང་། ཐེངས་ཤིག་འགྲུལ་ཁང་གི་སྦྱིན་བདག་ཧྲི་སྨི་ཐེའི་བུས་དཔེ་ཁུག་འཁུར་ནས་ནང་དུ་ལོག་ཡོང་སྐབས་དཔེ་ཁུག་གིས་ཕྲུ་གུ་དེའི་ལུས་སྟོད་ཁེབས་འདུག ཁོང་གི་ཕྲུ་གུ་དེས་བདེ་ལྕག་འཁྱུག་པོས “དྲག་ཆས ”ཏེ་དཔེ་ཁུག་མར་ཕབ་རྗེས་ཕྲན་གྱིས་ཆེད་མངགས་དཔེ་ཁུག་གི་ཡང་ལྕི་ལྟ་སྐབས་དངོས་གནས་རྒྱ་མ་བཅུ་ལྷག་ཙམ་འདུག
ཧྲི་སྨི་ཐེས་དགོད་འཚེར་འཚེར་ངང་ཕྲན་ལ་དཔེ་ཁུག་ནང་ལྟ་རུ་བཅུག་བྱུང་། དཔེ་ཁུག་ནང་སྟབས་བདེའི་སློབ་ཚན་ཁ་ཤས་ཀྱི་སྦྱོང་དེབ་ཕུད་དེ་བྱིངས་ཚང་མ་ནི་སློབ་སྦྱོང་དང་འབྲེལ་བ་མེད་པའི་རྩེད་ཆས་ཏེ་བཟའ་བཅའ་བླུགས་སྣོད་ཆེན་པོ་གཅིག་དང་། ཆུ་སྣོད་གཅིག ལུས་རྩལ་གྱི་གྱོན་ཆས་ཆ་ཚང་གཅིག་བཅས་ཡོད་པའི་ཁར་ད་དུང་རོལ་རྩེད་འཕྲུལ་ཆས་དང་། ལག་ཁྱེར་ཁ་པར། གློག་གསོག་ཡོ་ཆས་སོགས་ཡོད་པ་ལས་ངར་དགོས་པའི་སློབ་དེབ་ཪྙེད་མ་བྱུང་བ་སྟེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་སྤྲོ་གསེང་དུ་ཕྱིན་ནས་ཕྱིར་ལོག་མཁན་ཞིག་ལྟར་སྣང་། ཕྲན་གྱིས་རང་དབང་མེད་པར “ཕྲུ་གུ་དེ་སྦྱོང་བརྡར་བྱེད་པར་ཕྱིན་པ་ཡིན་ནམ ”ཞེས་དྲིས་པར་ཐལ་སོང་།
ཧྲི་སྨི་ཐེས་ང་མགོ་འཐོམས་པ་ཤེས་འཕྲལ་འཕྲལ་མ་ཉིད་དུ “མ་རེད། མ་རེད། ང་ཚོ་འཇར་མན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྲུག་ཚོ་ཁྱེད་ཚོ་ཀྲུང་གོ་ལྟར་ཉིན་ལྟར་སློབ་དེབ་ཁོ་ནར་མགོ་འཁོར་ནས་སྡོད་ཀྱི་མེད། སློབ་གྲྭས་དགེ་རྒན་ལ་སློབ་ཕྲུག་ཚོར་སྦྱོང་ཚན་བཀོད་སྒྲིག་བྱ་རྒྱུ་མང་དྲགས་རྒྱུ་མེད་པར་གཟའ་འཁོར་རེར་ཐེངས་གཅིག་ལས་བཀོད་སྒྲིག་བྱ་རྒྱུ་མེད་པའི་གཏན་འབེབས་བྱས་ཡོད་པ་དང་། སྦྱོང་ཚན་གྱི་ནང་དོན་མང་ཆེ་བ་ནི་ལག་ལེན་གྱི་བྱེད་སྒོ་ཡིན་པ་སྟེ། སློབ་ཕྲུག་རྣམས་བཟོ་གྲྭའི་འཁོར་ཁང་དང་། ཞིང་ནང་། རང་བྱུང་ཆེན་པོའི་པང་གའི་ནང་བསྐྱོད་དེ་འཚོ་བ་ཉམས་སུ་མྱོང་བ་དང་། སྤྱི་ཚོགས་ཤེས་རྟོགས་ཡོང་བ་བྱེད་པ། དམངས་ཚོགས་དང་འབྲེལ་གཏུག་བྱེད་པ་བཅས་བྱས་ཏེ་དངོས་ཡོད་དང་གསོན་ཉམས་ལྡན་པའི་བརྟག་དཔྱད་སྙན་ཞུ་བྲིས་དགོས་ཤིང་འདི་ནི་དགེ་རྒན་གྱིས་སློབ་ཕྲུག་གི་སྦྱངས་འབྲས་ལ་རྟོག་ཞིབ་བྱེད་པའི་གཞི་འཛིན་ས་ཡིན ”ཞེས་ཡོ་བསྲང་བྱས་ནས་བརྗོད་བྱུང་།
ཧྲི་སྨི་ཐེས་མུ་མཐུད་དེ “འཇར་མན་གྱི་སློབ་ཁང་ནང་སྒྲིག་ལམ་མང་པོ་དེ་འདྲ་མེད་པ་སྟེ་སློབ་ཕྲུག་ཚོས་གང་གི་དུས་སུ་ཡང་རང་ཉིད་ཀྱིས་འཁྱེར་ཡོང་བའི་བཟའ་བཅའ་སྟེ་བར་སྙིང་སོབ་གོར་བག་ལེབ་དང་། ཤིང་འབྲས། ཁྲོག་ལེ་བཅས་ཟ་ཆོག་པས་འཚོ་བཅུད་ཕུན་སུམ་ཚོགས་པོ་གང་འདྲ་མིན་འདུག་གམ ”ཞེས་བརྗོད་བྱུང་།
དེ་རྗེས་འཇར་མན་གྱི་སློབ་ཆུང་ལ་ལར་ཧ་ལམ་ཉིན་ལྟར་ལུས་རྩལ་སློབ་ཚན་ཡོད་པ་དང་སློབ་ཚན་ཁྲིད་སྐབས་ལུས་རྩལ་གྱོན་ཆས་གྱོན་དགོས་པར་བརྟེན་སྔ་སྣུར་ནས་གྲ་སྒྲིག་བྱེད་དགོས་པ་གོ་ཐོས་བྱུང་། གཞན་ཡང་རོལ་དབྱངས་ཉན་པ་དང་རོལ་རྩེད་འཕྲུལ་ཆས་ཀྱི་རྩེད་མོ་རྩེ་རྒྱུ་དེའང་སློབ་གྲྭའི་མོས་མཐུན་ཐོབ་པ་ཞིག་ཡིན་ཞིང་། དེ་ལྟར་བྱེད་དོན་ནི་ཕྲུ་གུ་ཚོས་དེ་བས་བག་ཕེབས་ངང་སློབ་སྦྱོང་བྱེད་ཐུབ་པས་ཡིན། ཁྱིམ་བདག་ལ་ལས་ཕྲུ་གུར་ལག་ཁྱེར་ཁ་པར་བསྐུར་དོན་ནི་སྤྱི་ཚོགས་ཀྱི་བདེ་འཇགས་ཐད་སེམས་ཁྲལ་གྱིས་གནད་དོན་ཐོན་ཚེ་དུས་ཐོག་ཏུ་འབྲེལ་གཏུག་བྱེད་ཐུབ་པས་ཡིན།
ཕྲན་གྱིས་ཧྲེ་སྨི་ཐེ་ལ་ཕྲུ་གུར་རེ་བ་གང་ཞིག་ཡོད་དམ་ཞེས་དྲི་སྐབས་ཁོང་གིས་ནན་ཏན་ངང “གཅིག་ནས། སྤྲོ་སྣང་མྱོང་རོལ་གྱིས་ཕྲུ་གུས་དགའ་པོ་བྱེད་པའི་བྱ་བ་བསྒྲུབ་ཏུ་འཇུག་རྒྱུ་དང་། གཉིས་ནས། ནམ་ཡང་བདེ་ཐང་དང་གཟུགས་གཞི་ཡག་པོ་ཞིག་ཡོང་བ་བྱེད་རྒྱུ། གསུམ་ནས། ཕྲུ་གུའི་དགའ་སྣང་དང་ཁྱད་ཆོས་ལ་གཞིགས་ནས་ཆེད་ལས་གཅིག་ཡག་པོ་སྦྱོང་དུ་འཇུག་རྒྱུ ”བཅས་ཡིན་ཞེས་བརྗོད་བྱུང་།