ཤིན་ཧྭ་གསར་འགྱུར་ཁང་ཏུ་པོ་ལིན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཡོང་བའི་ཀྲུང་གོ་བོད་རིག་པ་མཁས་ཅན་གྱི་འཐུས་མི་ཚོགས་པས་ཟླ་6ཚེས་2ཉིན་ཨིར་ལན་གྱི་ཏུ་པོ་ལིན་སློབ་ཆེན་དུ་སྙན་ཞུའི་ཚོགས་འདུ་འཚོགས་ནས་ཀྲུང་གོའི་བོད་ཀྱི་ལོ་རྒྱུས་གནས་བབ་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་བྱས་པར་ཨིར་ལན་གྱི་མཁས་དབང་ཚོའི་དགའ་བསུ་ཐོབ་པ་རེད།
འཐུས་མི་ཚོགས་པའི་ཚོགས་གཙོ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས་སྙན་ཞུའི་ཚོགས་འདུའི་ཐོག་བོད་འདི་ཉིད་སྔ་མོ་ནས “རང་བཙན་རྒྱལ་ཁབ ”གཅིག་མིན་པ་དང་འཛམ་གླིང་ཐོག་གི་རྒྱལ་ཁབ་ཀྱི་སྲིད་གཞུང་སུ་འདྲ་ཞིག་ཡིན་རུང་ཚང་མས་བོད་ནི “རང་བཙན་རྒྱལ་ཁབ་གཅིག ”ཡིན་པ་ཁས་ལེན་གྱི་མེད། དུས་རབས་བཅུ་གསུམ་པ་ནས་བཟུང་བོད་འདི་ཉིད་ཀྲུང་གོའི་མངའ་ཁོངས་སུ་དངོས་སུ་གཏོགས་རྗེས་བོད་ནི་ཀྲུང་དབྱང་སྲིད་གཞུང་གི་ཐད་ཀར་བཅོས་སྐྱོང་འོག་གི་སྲིད་འཛིན་ས་ཁོངས་ཤིག་རེད། 1951ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་པ་ནས་བཟུང་བོད་ལ་ཞི་བས་བཅིངས་འགྲོལ་ཐོབ་པ་རེད།
ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་ས་ཁོངས་ཕྱིར་ལོ་རྒྱུས་ཀྱི་དོན་དངོས་ལ་མི་བལྟོས་པར་ཞི་བས་བཅིངས་འགྲོལ་བཏང་བ་དེ་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལ “བཙན་འཛུལ ”བྱས་པ་རེད་ཅེས་བཤད་དེ་ལོ་རྒྱུས་རྦད་དེ་འཁྱོག་བཤད་བྱས་ཡོད་ཅེས་བཤད་པ་རེད།
ཀྲང་ཡུན་གྱིས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱས་ཏེ་མ་དངུལ་འབོར་ཆེན་བཏང་ནས་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག 《གེ་སར་རྒྱལ་པོའི་སྒྲུང 》མྱུར་སྐྱོབ་དང་། ལེགས་སྒྲིག ཞིབ་འཇུག དཔེ་སྐྲུན་བཅས་བྱས་པ་ནི་དེའི་ཁྲོད་ཀྱི་དཔེ་འོས་ཤིག་རེད་ཅེས་བཤད།
འཐུས་མི་ཚོགས་པའི་ཁོངས་མི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དབན་ཏེ་ཁར་གྱིས་སྙན་ཞུའི་ཚོགས་འདུའི་ཐོག་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་སྔ་རྗེས་སུ་འཚོགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཡར་རྒྱས་ཆེན་པོ་ཡོང་བ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་ཁོང་གིས་ལྷག་པར་དུ་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི “བདེ་སྡོད་ལས་གྲྭའི ”དམངས་ཕན་བྱ་སྤྱོད་སྤེལ་བའི་སྐོར་གླེང་བ་རེད། 2006ལོ་ནས་བཟུང་བོད་ཀྱིས་རང་སྐྱོང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཡིན་པའི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་གསར་རྒྱག་དང་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བ་དེས་ད་བར་བོད་ཀྱི་ཞིང་འབྲོག་དུད་ཚང་ཁྲི་27.48དང་ཞིང་འབྲོག་པ་ཁྲི་140ལ་ཕན་པ་བྱུང་བ་དེར་སྤྱིའི་གཏོང་སྒོ་མི་དམངས་ཤོག་སྒོར་དུང་ཕྱུར་170བཏང་ཡོད་ཅེས་བཤད། ཏུ་པོ་ལིན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁ་ཐར་·པུའུ་ལུའུ་ཧ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱ་སྐབས་སྙན་ཞུའི་ཚོགས་འདུ་ཧ་ཅང་ཡག་པོ་བྱུང་སོང་། ད་ཆ་ངས་བོད་ལ་སྔར་བས་ཤེས་རྟོགས་བྱུང་ཞེས་དང་ཁོང་གིས “ང་ཚོས་བོད་སྐོར་གྱི་གནས་ཚུལ་ངོ་མ་ཤེས་འདོད་འདུག དེ་རིང་ང་ཚོར་བོད་སྐོར་གྱི་གནས་ཚུལ་ངོ་མ་མང་པོ་ཞིག་ཤེས་པ་དང་ཆ་འཕྲིན་བཟང་པོ་མང་པོ་ཞིག་ཀྱང་ཤེས་བྱུང ”ཞེས་བཤད།