དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འཛམ་གླིང་གི་ཐ་མག་སྤོང་བའི་ཉིན་མོར་རྒྱལ་ཁབ་མང་པོས་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        འདི་ནི་ཟླ་5ཚེས་31ཉིན་མི་རྣམས་ཀྱིས་ཐ་མག་འཐེན་མི་ཆོག་པའི་ནང་དོན་རི་མོ་འཁོད་པའི་གྱོན་ཆས་གྱོན་ནས་ཧན་གོའི་ཧྲོའར་དུ་འདུ་ཚོགས་ནང་ཞུགས་ཏེ “ཐ་མག་སྤོང་བའི་ཉིན་མོ ”དྲིལ་བསྒྲགས་བྱེད་པའི་གནས་ཚུལ་ཡིན་པ།

        འདི་ལོའི་ཟླ་5ཚེས་31ཉིན་ནི “འཛམ་གླིང་གི་ཐ་མག་སྤོང་བའི་ཉིན་མོ ”ཐེངས་ཉེར་བཞི་པ་དེ་ཡིན་པ་དང་། “འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྡོ་ཐ་ཚོད་འཛིན་གྱི་སྒྲོམ་གཞིའི་སྤྱི་ཆིངས ”ནི་ད་ཐེངས་ཀྱི་ཐ་མག་སྤོང་བའི་ཉིན་མོའི་བརྗོད་བྱ་གཙོ་བོ་རེད། རྡོ་ཐ་དེ་གོ་ལ་ཧྲིལ་པོར་དར་ཁྱབ་བྱུང་ནས་ལོ་200ལྷག་ཙམ་སོང་ཡོད་པ་དང་དུས་རབས་20པར་སླེབས་རྗེས་རྡོ་ཐས་མིའི་རིགས་ལ་ཉེན་ཁ་ཆེན་པོ་བཟོས་པ་མིའི་རིགས་ཀྱིས་གཞི་ནས་ཤེས་རྟོགས་ཐུབ་ཡོད། 2005ལོའི་ཟླ་2པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་སྐྱོང་བྱས་ནས་བཟོས་པའི་རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་ཆིངས་ཡིག་སྟེ 《རྡོ་ཐ་ཚོད་འཛིན་གྱི་སྒྲོམ་གཞིའི་སྤྱི་ཆིངས 》དངོས་སུ་གོ་ཆོད་ཡོད་པ་དང་དུས་ད་ལྟའི་བར་ཆིངས་འཇོག་རྒྱལ་ཁབ་173ཟིན་ཡོད་པ་རེད།

        ཨ་རིར་ཕྱི་རོལ་དུ་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་རྒྱུ་དེ་འཕེལ་ཕྱོགས་ཤིག་ཏུ་གྱུར་བ།

        ཟླ་5ཚེས་23ཉིན་ནས་བཟུང་ཨ་རིའི་ཉིའུ་གཡོད་ཀྱི་ཀྲུང་དབྱང་སྤྱི་གླིང་དང་དུས་རབས་ཐང་ཆེན་སོགས་སྐད་གྲགས་ཡོད་པའི་མི་མང་འདུ་འཛོམས་བྱེད་ཡུལ་དུ་དུ་བ་ཕྱུར་ཕྱུར་ངང་ཐ་མག་འཐེན་མཁན་སྤྱི་དམངས་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། དེ་ཉིན་ནས་བཟུང་གོ་ཆོད་པའི་ཕྱོགས་ཡོངས་ནས་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་པའི་བཅའ་ཁྲིམས་ནང་ཉིའུ་གཡོད་གྲོང་ཁྱེར་གྱི་མི་མང་འདུ་འཛོམས་བྱེད་ཡུལ་ཚང་མར་ཐ་མག་འཐེན་མི་ཆོག་པ་དང་གལ་ཏེ་ཁྲིམས་སྲོལ་ལས་འགལ་ཚེ་ཉེས་ཆད་དམའ་ཤོས་ཨ་སྒོར་50གཅོད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། ཉིའུ་གཡོད་གྲོང་ཁྱེར་གྱི་ཧྲི་ཀྲང་པུ་ལུང་པོ་ཀེས་བཀའ་ཁྲིམས་དེ་གོ་ཆོད་པ་ཁྱབ་བསྒྲགས་བྱེད་སྐབས་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་པ་དེ་ནི་གྲོང་མི་དང་ཡུལ་སྐོར་བ་ཚོར་གཞན་བརྒྱུད་ཐ་མག་གི་གནོད་འཚེ་མི་ཕོག་པ་བྱས་ཏེ་སྤྱི་པའི་ཁོར་ཡུག་དེ་བས་གཙང་སྦྲ་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་རྒྱུའི་ཆེད་དུ་ཡིན་པ་དང་། ཁྲིམས་གཞི་དེའི་ནང་གཏན་འབེབས་བྱས་པའི་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་ཡུལ་དེ་སྤྱི་གླིང་1700དང་རིང་ཚད་སྤྱི་ལེ་23ཙམ་ཡོད་པའི་མཚོ་འགྲམ་དང་འབྲེལ་བ་ཡོད་ཅིང་གཞན་ཡང་ཉིའུ་གཡོད་གྲོང་ཁྱེར་གྱིས་ད་དུང་ཐ་མག་གི་དཔྱ་ཁྲལ་མཐོ་རུ་བཏང་ཡོད་པ་རེད།

        ཉིའུ་གཡོད་གྲོང་ཁྱེར་གྱིས་1988ལོ་ནས་བཟུང 《ཐ་མག་གི་དུ་བ་མེད་པའི་མཁའ་རླུང་གི་བཅའ་ཁྲིམས 》ལ་གྲོས་འཆམ་བྱུང་བ་དང་འབྲེལ་བཟོ་བཅོས་ཐེངས་3བརྒྱབ་སྟེ་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་ཡུལ་གྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་ཅིང་། 2002ལོའི་བཟོ་བཅོས་འཆར་ཟིན་ལྟར་ན་ཉིའུ་གཡོད་གྲོང་ཁྱེར་གྱི་ཟ་ཁང་དང་། ཨར་ཁང་། ཟློས་གར་ཁང་། ཚོང་ར། གཞུང་དོན་ཐོག་བརྩེགས་ཁང་ཆེན་སོགས་ཀྱི་མི་མང་འདུ་འཛོམས་བྱེད་ཡུལ་དུ་ཐ་མག་འཐེན་ཆོག་གི་མེད། དེ་རྗེས་ཀྱི་ལོ་9ཡི་རིང་ཉིའུ་གཡོད་གྲོང་ཁྱེར་དུ་ཐ་མག་འཐེན་མཁན་ཁྲི་35ཉུང་དུ་སོང་ཡོད་པ་དང་ཐ་མག་འཐེན་མཁན་དར་མའི་གྲངས་འབོར་ཁྲི་95ཙམ་དུ་ཆག་ཡོད་པ་རེད།

        ཨ་རིའི་གྲོང་ཁྱེར་ཆེ་གྲས་གཉིས་པ་ལུའོ་ཧྲན་ཅི་རུ་ཕྱི་རོལ་དུ་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་འགོ་ཚུགས་ཡོད་པ་དང་། འདི་ལོའི་ཟླ་5ཚེས་8ཉིན་ནས་བཟུང་ལུའོ་ཧྲན་ཅིའི་ཕྱི་རོལ་གྱི་ཟ་འཐུང་ཁང་དུ་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་པའི་གཏན་འབེབས་ལག་བསྟར་བྱས་ཡོད། ཟ་ཁང་གི་ཕྱི་རོལ་སྡོད་ཁུལ་དང་། ཁྲོམ་གཞུང་གི་ཁ་ཧྥེ་འཐུང་ས། ཕྱི་རོལ་གྱི་ཞིམ་ཟས་ཐང་ཆེན་སོགས་འདུ་འཛོམས་བྱེད་ཡུལ་དང་དེ་བཞིན་སྨི་3ཁྱབ་ཁོངས་ནང་ཚང་མར་ཐ་མག་འཐེན་རྒྱུ་བཀག་འགོག་བྱས་ཡོད་པ་དང་ཟས་ཞིམ་ཚོང་ཡུལ་དང་ལྟོ་ཆས་ཚོང་མཁན་ལག་འབུད་འཁོར་ལོའི་ཉེ་འཁོར་དུ་ཐ་མག་འཐེན་མི་ཆོག་པའི་ཁྱབ་ཁོངས་ནི་སྨི་12ཡིན་པ་རེད། གཏན་འབེབས་ལས་འགལ་མཁན་དང་མགྲོན་པོར་ཉེས་ཆད་མཐོ་ཤོས་ཨ་སྒོར་500གཅོད་རྒྱུ་ཡིན་པ་རེད།

        ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་ཚོགས་འདུའི་ཐོག་ན་ནིང་ཟླ་9པར་གྲོས་འཆམ་བྱུང་བའི 《སྨན་རྫས་ཁང་ནས་རྡོ་ཐ་བཟོས་རྫས་འཚོང་མི་ཆོག་པའི་ཁྲིམས་གཞིའི 》ནང་ཅིའུ་ཅིན་ཧྲན་གྱི་སྨན་རྫས་ཚོང་ཁང་ནས་རྡོ་ཐ་བཟོས་རྫས་འཚོང་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་དེ་ཐོག་ནས་མི་རྣམས་ཀྱིས་ས་གནས་དེ་གའི་སྨན་རྫས་ཞོར་ཚོང་སྒོ་རྩིས་ཚོང་ཁང་དང་ཚོང་ར་ནས་ཐ་མག་ཉོ་མི་ཐུབ་པ་མཚོན་གྱི་ཡོད་པ་རེད།

        ཉིའུ་གཡོད་དང་། ལུའོ་ཧྲན་ཅི། ཅིའུ་ཅིན་ཧྲན་སོགས་གྲོང་ཁྱེར་ནི་ཨ་རི་ཡོངས་ཀྱི་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་པའི་བྱ་སྤྱོད་ཀྱི་མཚོན་ཚུལ་ཞིག་ཡིན་པ་དང་། ཨ་རིར་རྒྱལ་ཡོངས་རང་བཞིན་གྱི་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་པའི་ཁྲིམས་སྲོལ་མེད་རུང་རྒྱལ་ཡོངས་ཀྱི་མངའ་སྡེ་27གྱིས་མི་མང་འདུ་འཛོམས་བྱེད་ཡུལ་དུ་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་པའི་བཀའ་རྒྱ་ཧ་ཅང་ནན་པོ་འགྲེམས་སྤེལ་བྱས་ཡོད།

        ཐེ་ལན་གྱིས་ཐ་མག་གི་གནོད་འཚེ་མེད་པའི་པང་ཁོག་གྲོང་ཁྱེར་གཏོད་པ།

        ཐེ་ལན་སྲིད་གཞུང་དང་དམངས་ཁྲོད་རྩ་འཛུགས་ཀྱིས་ཟླ་5ཚེས་31ཉིན་པང་ཁོག་གྲོང་ཁྱེར་ལྟེ་གནས་ཀྱི་ཤན་ལུའོ་ཚོང་ལས་ལྟེ་གནས་སུ་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཐེ་ལན་གྱི་རྒྱལ་པོ་ཚང་གི་ཁོངས་མི་དངོས་སུ་ཕེབས་པ་དང་འབྲེལ་ཐ་མག་འཐེན་པ་ལས་ཐོན་པའི་ནད་གཞི་སྔོན་འགོག་དང་ཚོད་འཛིན་བྱེད་པར་ལེགས་སྐྱེས་འབུལ་མཁན་མི་སྣར་བྱ་དགའ་སྤྲད་གནང་བ་རེད།

        དེ་ཉིན་གྱི་ཐ་མག་འཐེན་མི་ཆོག་པའི་བྱེད་སྒོའི་ནང་པང་ཁོག་གྲོང་ཁྱེར་སྲིད་གཞུང་གིས “ཐ་མག་གི་གནོད་འཚེ་མེད་པའི་པང་ཁོག ”གཏོད་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་ཐ་མག་མ་འཐེན་མཁན་གྱི་བདེ་ཐང་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་པ་དང་ཁྲིམས་ཀྱི་ཐོག་ནས་གཏན་འཁེལ་བྱས་པའི་ཐ་མག་འཐེན་མི་ཆོག་པའི་འདུ་གནས་སུ་ཐ་མག་འཚོང་མཁན་གྱིས་ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་གསལ་པོ་སྟོན་དགོས་པ་དང་དེ་ལས་འགལ་ཚེ་ཐེ་ལན་གྱི་སྒོར་ཁྲི་2(མི་དམངས་ཤོག་སྒོར་1ལ་ཐེ་ལན་གྱི་སྒོར་4.6ཙམ་ཡིན་པ )དངུལ་ཆད་གཅོད་རྒྱུའི་ནན་བཤད་བྱས་ཡོད། ཐ་མག་འཐེན་མི་ཆོག་པའི་འདུ་གནས་སུ་ཐ་མག་འཐེན་ཚེ་ཐེ་ལན་གྱི་སྒོར་2000དངུལ་ཆད་གཅོད་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། པང་ཁོག་གྲོང་ཁྱེར་སྲིད་གཞུང་གིས་དང་ཐོག་གྲོང་ཁུལ་གཉིས་སུ་ཐ་མག་འཐེན་མི་ཆོག་པའི་དབང་སྲུང་བྱ་སྤྱོད་ཚོད་ལྟ་ནན་པོ་བྱས་པ་དང་ཁྱབ་ཁོངས་ནང་སྨན་ཁང་དང་། ཚོང་ར། ཟ་ཁང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས། ཨར་ཁང་སོགས་ཚུད་པའི་གནས་2800ལྷག་ཙམ་ཡོད་པ་དང་དེ་རྗེས་ལེགས་འགྲུབ་བྱུང་བའི་ཉམས་མྱོང་པང་ཁོག་གི་གྲོང་ཁུལ་གཞན་ལ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

        འཇར་མན་གྱིས་ཐ་མག་འཐེན་མི་ཆོག་པའི་བཅའ་ཁྲིམས་གཅིག་གྱུར་བཟོ་དགོས་པའི་བླང་བྱ་བཏོན་པ།

        འཇར་མན 《རྡོ་ཐ་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས 》ནང་ཞུགས་ཡོད་མོད། འོན་ཀྱང་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་སྒྲིག་གཞི་ཡིན་པར་བརྟེན་ཀྲོའུ་ཁག་ལ་བབ་མཐུན་གྱི་ཁྲིམས་བཟོའི་དབང་ཆ་ཡོད་པ་དང “ཐ་མག་འཐེན་མི་ཆོག་པའི་བྱ་སྤྱོད་མནའ་འབྲེལ ”གྱིས་གནས་ཚུལ་དེ་ཪྙོག་འཛིང་ཆེན་པོ་ཡོད་པས་ཐ་མག་འཐེན་མི་ཆོག་པའི་ཐད་ཕན་འབྲས་མི་ཐོན་པ་ནི་དེའི་རྐྱེན་གྱིས་ཡིན་པའི་ངོས་འཛིན་བྱས་ཡོད། བརྟག་དཔྱད་ནས་མངོན་དོན། འཇར་མན་གྱི་80%ཡན་གྱི་ཨར་ཁང་དང་90%ཡན་གྱི་རོལ་རྩེད་ཁང་ལ་ད་དུང་ཐ་མག་འཐེན་རྒྱུ་འགོག་ཐུབ་མེད་པའི་རྒྱུ་རྐྱེན་ནི་ཀྲོའུ་ཁག་གི་བཅའ་ཁྲིམས་ཚང་མའི་ནང “དམིགས་བསལ ”ཟེར་བའི་ཚིག་དེ་ཡོད་པས་ཡིན། “ཐ་མག་འཐེན་མི་ཆོག་པའི་བྱ་སྤྱོད་མནའ་འབྲེལ ”གྱི་མགྲིན་ཚབ་པ་ཕེ་ལོ་ཕུ་སེན་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ཐ་མག་འཐེན་མི་ཆོག་པའི་ཁྲིམས་སྲོལ་གཅིག་གྱུར་བཟོ་དགོས་པའི་བླང་བྱ་བཏོན་པ་རེད།

        ཡོ་རོབ་རྒྱལ་ཁབ་ཁག་གིས་ཐ་མག་སྤོང་བའི་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་སུ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད། འཇར་མན་གྱིས་འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་རྡོ་ཐའི་ཁྲལ་མཐོ་རུ་བཏང་ནས་ཐ་མག་སྒམ་ཆུང་རེའི་རིན་གོང་ཡོ་རོབ་ཀྱི་ཧྥིང་20མཐོ་རུ་བཏང་ཡོད། པེར་ལིན་དང་པོ་ལན་ཏེང་པའོ་ཀྲོའུ་ཡི་སྨན་ཁང་གིས་ཐ་མག་འཐེན་མཁན་ལ་གསེར་ཁབ་དང་། སྨན། ཚབ་བྱེད་དངོས་པོ་སོགས་ཐ་མག་གཅོད་པའི་ཐབས་ཤེས་སྣ་ཚོགས་ངོ་སྤྲོད་བྱས་ཡོད། ཧྥ་རན་སེས་འདི་ལོའི་ཟླ་4ཚེས་20ཉིན་ནས་བཟུང་ཐ་མག་སྒམ་ཆུང་ཚང་མའི་ཐོག་སྐྲན་གྱི་པར་རིས་སོགས་འཇིགས་སྣང་རང་བཞིན་ཆེ་བའི་མཚོན་རྟགས་བཀོད་ཡོད་པ་རེད། ཉེ་དུས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཡོ་རོབ་ས་ཁུལ་གཞུང་དོན་ཁང་གིས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་ཁོངས་མིའི་རྒྱལ་ཁབ་53གྱི་ནང་མིག་སྔར 《རྡོ་ཐ་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས 》ནང་ཞུགས་མཁན་རྒྱལ་ཁབ་46ལས་མེད་ཅེས་བཤད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གིས་ཁྲིམས་འཛུགས་ཆོག་མཆན་གྱི་གོ་རིམ་ལེགས་སྒྲུབ་བྱས་ཏེ་སྒོ་ཀུན་ནས་སྤྱི་ཆིངས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

        ཧྥི་ལི་ཕིན་གྱིས་མ་ནི་ལ་འདི་ཉིད་ཐ་མག་འཐེན་མཁན་མེད་པའི་གྲོང་ཁྱེར་དུ་འགྱུར་བ་བྱས་པ།

        ཟླ་5ཚེས་30ཉིན་ནས་བཟུང་ཧྥི་ལི་ཕིན་གྱིས་མ་ནི་ལ་ཆེ་པོའི་ས་ཁུལ་གྱི་སྲུང་སྐར་གྲོང་ཁྱེར་17གྱི་སྤྱི་པའི་འདུ་གནས་སུ་ཐ་མག་འཐེན་མི་ཆོག་པ་སྒོ་ཀུན་ནས་ལག་བསྟར་བྱས་ཡོད། སྤྱི་པའི་འཕྲོད་བསྟེན་སྡེ་ཚན་གྱི་དོ་དམ་མི་སྣ་དང་ཉེན་རྟོག་ཕྱོགས་ཀྱིས་ཐ་མག་འཐེན་མི་ཆོག་པའི་བཀའ་ཁྲིམས་ལག་བསྟར་བྱེད་མིན་ཐད་ཐུན་མོང་ཐོག་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན་པ་རེད།

        མ་ནི་ལ་ཆེ་པོའི་ས་ཁུལ་འཕེལ་རྒྱས་དོ་དམ་ཨུ་ལྷན་གྱིས་ཁུལ་ནང་གི་རླངས་འཁོར་བབས་ཚུགས་དང་། རླངས་འཁོར་སྒུག་ས། སློབ་གྲྭ སྨན་ཁང་། སྤྲོ་གསེང་རོལ་རྩེད་འདུ་གནས། སྤྱི་པའི་རླངས་འཁོར་དང་དེ་བཞིན་རིམ་པ་དང་པོ་དང་རིམ་པ་གཉིས་པའི་གཞུང་ལམ་བཅས་ཀྱི་ཐོག་ཐ་མག་འཐེན་མི་ཆོག་པས “མ་ནི་ལ་འདི་ཉིད་ཐ་མག་འཐེན་མཁན་མེད་པའི་གྲོང་ཁྱེར་དུ་འགྱུར་བའི ”དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

        ཐ་མག་འཐེན་མི་ཆོག་པའི་བཀའ་ཁྲིམས་གཞིར་བཟུང་། ཟླ་བ་དྲུག་པ་ནི་ཐ་མག་འཐེན་མི་ཆོག་པའི་ཐད་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་པའི་དུས་ཚོད་ཡིན་པ་དང་དེ་ལས་འགལ་མཁན་ལ་ཁྲིམས་འཛིན་མི་སྣས་ཁ་ནས་ཐ་ཚིག་སྒྲོག་རྒྱུ་ཡིན། ཟླ་བ་བདུན་པ་ནས་བཟུང་སྤྱི་པའི་འདུ་གནས་སུ་ཐ་མག་འཐེན་མཁན་ལ་ཧྥི་ལི་ཕིན་གྱི་པི་སུའོ་500(མི་དམངས་ཤོག་སྒོར་1ལ་ཧྥི་

        ལི་ཕིན་གྱི་པི་སུའོ་6.7ཙམ་ཡིན་པ ) དངུལ་ཆད་གཅོད་རྒྱུ་དང་ཡང་ན་སྡེ་ཁུལ་དུ་ཆུ་ཚོད་བརྒྱད་ཀྱི་ཞབས་ཞུ་བྱེད་དུ་བཅུག་རྒྱུ་ཡིན་པ་རེད།

        སྤྱི་ཁྱབ་པུའུ་མ་ནི་ལར་བཙུགས་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཞི་བདེ་རྒྱ་མཚོའི་ནུབ་ཀྱི་ས་ཁོངས་དོན་གཅོད་ཁང་གིས་ཟླ་5ཚེས་31ཉིན་ཞི་བདེ་རྒྱ་མཚོའི་ནུབ་ཀྱི་ས་ཁུལ་གྱི་རྡོ་ཐའི་འཛད་སྤྱོད་བྱེད་ཚད་དེ་འཛམ་གླིང་རྡོ་ཐའི་འཛད་སྤྱོད་བྱེད་ཚད་ཀྱི་གསུམ་ཆ་གཅིག་ཟིན་པས་ས་ཁུལ་དེ་ནི་འཛམ་གླིང་ཐོག་སྐྱེས་པ་ཐ་མག་འཐེན་མཁན་མང་ཤོས་ཀྱི་ས་ཁུལ་ཡིན་ལ་བུད་མེད་དང་གཞོན་ནུ་ཐ་མག་འཐེན་མཁན་འཕར་མགྱོགས་ཤོས་ཀྱི་ས་ཆ་ཡིན་ཞེས་གསལ་བསྒྲགས་བྱས་པ་རེད།

        (མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལོ་ཧྲན་ཅི་དང་། པང་ཁོག པེར་ལིན་བཅས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།