ཀྲུང་གོ་འཕེལ་རྒྱས་དེ་འདྲའི་འགྲོ་མགྱོགས་པ་ལ་ཨང་། ཉེ་བའི་ལོ་ཤས་རིང་རང་ཉིད་སྤྱིར་ན་ལོ་ལྟར་ཀྲུང་གོར་གཞུང་དོན་སྒྲུབ་པར་ཡོང་བ་དང་ཡོང་རིམ་བཞིན་མྱོང་ཚོར་མི་འདྲ་བ་ཞིག་ཡོང་གི་འདུག མི་ལ་ལས་འདས་ཟིན་པའི་ལོ་30 དང་ལྷག་པར་དུ་ཉེ་བའི་ལོ་20 ཡི་རིང་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་འདུག་ཅེས་བརྗོད་པ་དེ་དེ་ག་རང་རེད་འདུག ཀྲུང་གོ་འཕེལ་རྒྱས་ཧ་ཅང་མྱུར་པོ་བྱུང་བར་བརྟེན་འཛམ་གླིང་གིས་ལྟ་སྟངས་གསར་པ་འཛིན་གྱི་ཡོད་ལ་ངས་ཀྱང་སྙིང་དབུས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།
རང་ཉིད་1995 ལོར་པེ་ཅིང་དུ་ཐོག་མར་སྐྱོད་སྐབས་ནམ་མཁའ་ནི་སྔོ་ཐིང་ངེར་གནས་རུང་སྐད་སྙན་པའི་བྱིའུ་ཆུང་རེ་གཉིས་ལས་མཐོང་རྒྱུ་མི་འདུག་ལ་སྲོག་ཆགས་ཆུང་རིགས་ཀྱང་ཧ་ལམ་མཐོང་རྒྱུ་མི་འདུག ཡིན་ནའང་དེང་དུས་ཀྱི་ཀྲུང་གོར་གཅེས་ཉར་སྲོག་ཆགས་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། རྒན་རྒོན་ཚོ་ཡུལ་པོ་མི་ཡོང་བའི་ཆེད་དུ་ཡིན་ནའང་འདྲ་ཡང་ན་སྲོག་ཆགས་ལ་དགའ་གཅེས་བྱེད་མཁན་ཇེ་མང་དུ་སོང་བ་ཡིན་ནའང་འདྲ་གང་ལྟར་ཀྲུང་གོའི་གཅེས་ཉར་སྲོག་ཆགས་ཀྱི་གྲངས་འབོར་ཉིན་བཞིན་མང་དུ་འགྲོ་བ་མ་ཟད། ད་དུང་བདག་པོ་མེད་པའི་སྲོག་ཆགས་ལའང་སེམས་ཁུར་བྱེད་མཁན་ཇེ་མང་དུ་འགྲོ་གི་འདུག ཀྲུང་གོའི་འབྱོར་འབྲིང་རིམ་གྲས་དང་འབྱོར་ཕྱུག་རིམ་གྲས་མང་དུ་ཕྱིན་པ་དང་ཆབས་ཅིག་མི་འགའ་ཞིག་གིས་གཅེས་ཉར་སྲོག་ཆགས་གསོ་ཚགས་བྱ་རྒྱུ་དེ་ཐོབ་ཐང་གི་མཚོན་རྟགས་ཤིག་ཏུ་བརྩི་བའི་སྣང་ཚུལ་ཡང་ཐོན་པ་ནི་སྨོས་མེད་རེད། ལྟོ་ཆས་ཐད་ལའང་འགྱུར་བ་ཞིག་བྱུང་བ་ངར་མྱོང་ཚོར་བྱུང་བ་སྟེ། དཀར་ཆུའི་ཐོན་རྫས་ལ་དགའ་པོ་བྱེད་མཁན་ཇེ་མང་དུ་ཕྱིན་པ་དེ་རེད། རང་ཉིད་ཀྲུང་གོར་ཐེངས་དང་པོ་ཡོང་སྐབས་དཀར་ཆུའི་ཐོན་རྫས་དཀོན་ཙམ་འདུག་ལ་མི་རྣམས་ཀྱིས་དགའ་པོའང་བྱེད་ཀྱི་མི་འདུག ཡིན་ནའང་ད་ཆ་ཉིན་ལྟར་འོ་མ་འཐུང་རྒྱུ་དེ་ཀྲུང་གོའི་བའི་གོམས་གཤིས་ཤིག་ཏུ་གྱུར་ཡོད།
དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་ཀྲུང་གོ་བ་མང་པོ་ཞིག་དབར་གྱི་འབྲེལ་བ་ནི་ལས་ཀའི་འབྲེལ་བ་ཡིན་པ་ལས་ལས་ཀ་ཕུད་པའི་སྒེར་གྱི་འབྲེལ་བའི་འཁོར་རྒྱ་དེ་ཙམ་ཆེན་པོ་མེད་ལ་སྤྱི་ཚོགས་ཚོགས་པའང་མང་པོ་མེད། དེང་དུས་ཀྱི་ཕུན་སུམ་ཚོགས་ལ་དམ་ཞིང་བསྡུས་པའི་སྤྱི་ཚོགས་ཀྱི་འཚོ་བ་དང་སྡེ་ཁུལ་གྱི་འཚོ་བ་དེ་ལས་མི་རྣམས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་པ་དང་ཕན་ཚུན་ཤེས་རྟོགས་བྱེད་ཀྱི་ཡོད། ཚོང་སྒྱུར་ཁང་པའི་ཁྲོམ་ར་ཐོག་མར་ཐོན་སྐབས་མི་རྣམས་ལ་ཁང་པ་ཉོ་བའི་འདུ་ཤེས་མེད་སྟབས་ཚང་མས་དངུལ་བཏང་ནས་ཁང་པ་ཉོ་འདོད་བྱེད་ཀྱི་མེད། ཡིན་ནའང་ད་ཆ་ཁང་པའི་རིན་གོང་མཐོ་བ་དེ་མི་རྣམས་མགོ་ན་བའི་གནད་དོན་ཞིག་ཡིན་མོད། འོན་ཏེ་མི་མི་ཉུང་བ་ཞིག་གིས་འདུ་ཤེས་བསྒྱུར་ཡོད་པ་དང་ཚོང་སྒྱུར་ཁང་པ་དེ་ལས་ཁོང་ཚོར་གདམ་ག་བྱ་ཡུལ་སྔར་བས་མང་པོ་ཞིག་བྱུང་ཡོད།
གནམ་བདེ་སྒོ་མོ་ནི་ངའི་ཡིད་དབང་འཕྲོག་ཤོས་ཀྱི་གནས་ཤིག་ཡིན། དེའི་ཐོག་ཡོད་པའི་སོ་ཕག་དང་རྫ་གཡམ་ལ་སོགས་ཚང་མས་སྒྲུང་གཏམ་ཞིག་ཤོད་བཞིན་ཡོད་པ་ལྟར་སྣང་། དེའང་ཀྲུང་གོའི་འགྱུར་བ་མྱོང་ཚོར་བྱེད་པའི་དཔང་པོ་བྱེད་མཁན་གྱི་གནས་ཤིག་རེད། ཐོག་མར་རང་ཉིད་ལ་དེ་ནི་གཟི་ཉམས་ལྡན་པ་དང་གུས་བཀུར་འོས་པ་ཤིག་ཡིན་པའི་བག་ཆགས་བྱུང་རུང་ད་ཆ་རང་ཉིད་དེའི་ངོགས་ནས་སྐྱོད་སྐབས་སྔར་བས་བག་ཕེབས་དང་བདེ་ལྷོད་ཀྱི་ཚོར་སྣང་ཞིག་ཡོང་གི་འདུག
ས་གོ་ལ་ཅན་དང་ཁྲོམ་རའི་དཔལ་འབྱོར་གྱི་གསོན་ཤུགས་དེས་ཀྲུང་གོ་མི་དམངས་ཀྱི་འཚོ་བར་རྣམ་པ་གསར་པ་སྣ་ཚོགས་བཏོད་ཡོད་པ་དང་ཆབས་ཅིག་ཀྲུང་གོ་དང་ཕྱི་རོལ་ཁམས་དབར་གྱི་འབྲེལ་བའང་ཇེ་ཟབ་ཏུ་འགྲོ་ཞིང་། གལ་ཏེ་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་ཀྲུང་གོའི་སྤྱི་ཚོགས་ནི “འཕོ་འགྱུར་རྣམ་པའི ”སྤྱི་ཚོགས་རེད་ཅེས་ཟེར་ན་ད་ལྟའི་ཀྲུང་གོའི་སྤྱི་ཚོགས་ནི “འཕེལ་རྒྱས་རྣམ་པའི ”སྤྱི་ཚོགས་ཅིག་རེད་ཅེས་བརྗོད་ཆོག འགྱུར་ལྡོག་དེ་དག་ནི་ཞིབ་ཅིང་ཕྲ་ལ་གསོན་ཉམས་ལྡན་པ་ཞིག་ཡིན་པ་དང་དེ་མི་རྣམས་ཀྱི་བསམ་ཡུལ་ལས་འདས་ཡོད། དེ་ GDP མཐོ་བའི་བསྡུར་གྲངས་གཅིག་ཁོ་ན་མིན་པར་དེ་ནི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་ཕྱོགས་ཡོངས་ནས་འགྱུར་ལྡོག་འགྲོ་བ་ཞིག་རེད།
ཀྲུང་གོ་བས་རང་ཉིད་ལ་དབང་བའི་འཕེལ་རྒྱས་མ་དཔེ་ཞིག་གཏོད་བཞིན་ཡོད་པ་སྟེ། སྔར་བས་སྒུལ་ཤུགས་ཆེ་ལ་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་ཤིག་ཇི་ལྟར་བྱས་ནས་བསྐྲུན་རྒྱུ་དེ་རེད། དེ་ནུབ་ཕྱོགས་ལས་བརྒལ་ལ་ཀྲུང་གོའི་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་ཤིག་རེད། དེ་ནི་ལོ་བཅུ་ཉི་ཤུའི་ནང་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བའི་ཀྲུང་གོའི་འགྱུར་ལྡོག་ཆེ་ཤོས་དེ་ཡིན།