ཁུང་ཙི་སློབ་གླིང་ལ་དོ་སྙོམས་ངང་འཕེལ་རྒྱས་གཏོང་རྒྱུའི་ཞིབ་འཇུག་བྱེད་གཞི་ཆེན་པོ་ཞིག་འཕྲད་པ།
མིག་སྔར “2011ལོའི་ཨེ་ཤེ་ཡ་ས་ཁུལ་གྱི་ཁུང་ཙི་སློབ་གླིང་གི་བགྲོ་གླེང་ཚོགས་འདུ ”དེ་ཧན་གོའི་ཏ་ཆིའུ་གྲོང་ཁྱེར་དུ་འཚོགས་ཤིང་། ད་རེས་ཀྱི་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་གསལ། འདི་ལོའི་ཟླ་5པའི་བར་རྒྱལ་ཁབ་101གིས་ཁུང་ཙི་སློབ་གླིང་345དང་ཁུང་ཙི་སློབ་ཁང་457བཙུགས་པ་དེའི་ཁྲོད་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་31གིས་ཁུང་ཙི་སློབ་གླིང་82དང་ཁུང་ཙི་སློབ་ཁང་39བཙུགས་ཡོད་ཅིང་། ཨེ་ཤེ་ཡར་ཁུང་ཙི་སློབ་གླིང་མགྱོགས་མྱུར་མང་དུ་འགྲོ་བ་དང་སྦྲགས་སློབ་གཞི་ས་གནས་དེ་ག་ཅན་དུ་སྒྱུར་དགོས་མིན་ལྟ་བུ་སྔར་བས་རྒྱ་ཆེར་གཏོང་རྒྱུར་ཚོད་འཛིན་བཟོ་བའི་གནད་དོན་འཕྲད་ཡོད།
རྒྱལ་ཁབ་ཀྱི་རྒྱའི་སྐད་ཡིག་རྒྱལ་སྤྱིར་ཁྱབ་གདལ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཁུང་ཙི་སློབ་གླིང་གི་སྤྱི་ཁྱབ་ལས་བྱ་ཞུས་ལིན་གྱིས་ཚོགས་འདུ་འཚོགས་རིང་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དོ་སྙོམས་མེད་པ་སྟེ་རི་པིན་དང་ཧན་གོ་ལྟ་བུའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡོད་ལ་ཁམ་ཕུ་ཀྲེ་དང་སི་རི་ལན་ཁ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱང་ཡོད། དར་རྒྱས་དེ་ཙམ་མེད་པའི་རྒྱལ་ཁབ་ཀྱི་སློབ་གཉེར་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་དགེ་རྒན་གྱི་སྟོབས་ཤུགས་མི་འདང་ཞིང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་སྐད་རིགས་དང་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་དང་ལྷག་པར་དུ་སྐད་རིགས་ཆུང་གྲས་ཅུང་མང་པོ་ཡོད་པ་དེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་དང་སློབ་གཞི་རྩོམ་བཟོ་བྱེད་པའི་འགྲན་སློང་ཆེན་པོ་ཞིག་ཏུ་གྱུར་ཡོད།
སྐད་ཡིག་གི་ཧེ་བག་ལས་རྒྱའི་སྐད་ཡིག་དགེ་རྒན་གྱིས་ས་གནས་དེ་གའི་ཁོར་ཡུག་དང་འཚམས་པ་བྱེད་དགོས་པ།
རྒྱའི་སྐད་ཡིག་དགེ་རྒན་ཐད་ཀྱི་ཕྱི་རྒྱལ་གྱི་དགོས་མཁོ་སྐོང་ཆེད་2005ལོ་ནས་2010ལོའི་བར་རྒྱལ་ཁབ་ཀྱི་རྒྱའི་སྐད་ཡིག་རྒྱལ་སྤྱིར་ཁྱབ་གདལ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཁྱོན་རྒྱའི་སྐད་ཡིག་དགེ་རྒན་དང་དང་བླངས་པ་ཁྲི་1.7གསོ་སྦྱོང་བྱས་ནས་མངགས་གཏོང་བྱས་པ་དེ་དག་གིས་ཁུང་ཙི་སློབ་གླིང་གི་འཕེལ་རྒྱས་ཆེད་དུ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཞུས་ལིན་གྱིས་ཕྱིར་མངགས་གཏོང་བྱས་པའི་དགེ་རྒན་དང་དང་བླངས་པ་དེ་དག་གིས་ཕྱི་རྒྱལ་དུ་ལས་ཀ་བྱེད་པའི་བརྒྱུད་རིམ་ནང་སྐད་ཡིག་དང་རིག་གནས་ཧེ་བག་གི་འགྲན་སློང་འཕྲད་པ་དང་འབྲེལ་ཁེར་རྐྱང་དང་ཡུལ་པོ་ཡོད་པའི་སྣང་ཚུལ་བཟོད་བསྲན་བྱེད་དགོས་པ་དང་། གཞན་ཡང་ཕྱི་རྒྱལ་དུ་ལས་ཀ་བྱས་ནས་ཡུན་རིང་ས་ཆ་སོ་སོར་ལོགས་སུ་སྡོད་དགོས་པའི་དབང་གིས་ཕྱིར་མངགས་གཏོང་བྱས་པའི་དགེ་རྒན་དང་དང་བླངས་པ་ཁག་གཅིག་གི་ཁྱིམ་ཚང་གི་བརྟན་ལྷིང་དང་འཆམ་མཐུན་ལའང་ཚོད་བགམ་ཆེན་པོ་འཕྲད་ཡོད་ཅེས་གསུངས།
ཧིན་རྡུ་ཉི་ཞི་ཡར་བཅའ་ཞུགས་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཧྲའོ་དབྱི་ཝུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གནད་དོན་དེའི་སྐོར་གླེང་ཞིང་། ཁོང་གིས་ཧིན་རྡུ་ཉི་ཞི་ཡའི་གནས་ཚུལ་གྱི་ཐོག་ནས་བལྟས་ན་གནད་དོན་གཙོ་བོ་ཁག་བཞི་ཡོད་པ་སྟེ། དང་པོ་ནི་ད་ལྟ་མངགས་གཏོང་བྱས་པའི་རྒྱའི་སྐད་ཡིག་དགེ་རྒན་དང་དང་བླངས་པ་ཆེས་མང་ཆེ་བས་ས་གནས་དེ་གའི་སྐད་ཡིག་མི་ཤེས་པས་སློབ་ཁྲིད་ཀྱི་ལས་དོན་གཏིང་ཟབ་སྤེལ་རྒྱུར་ཤུགས་རྐྱེན་ངེས་ཅན་ཐེབས་པ་དང་། གཉིས་པ་ནི་དང་བླངས་པའི་དགེ་རྒན་གྱིས་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བའི་རྩ་འཛུགས་ལ་དོ་དམ་བྱ་རྒྱུར་མངགས་བཅོལ་བྱས་ཏེ་ནམ་རྒྱུན་རྒྱལ་ཡོངས་ས་གནས་ཁག་ཏུ་ཁ་ཐོར་དུ་སྡོད་པས་དོ་དམ་ཐད་དཀའ་ཚེགས་ངེས་ཅན་ཡོད་པ། གསུམ་ནི་ཡོང་འབབ་ཅུང་དམའ་བའི་ཁར་དང་བླངས་པ་ལ་ལའི་ལས་ཀ་དང་འཚོ་བ་སྐྱེལ་སའི་ས་ཁུལ་ཅུང་དཀའ་ཚེགས་ཆེན་པོ་ཡོད་རུང་ཐོབ་ཐང་ཐད་ཧེ་བག་དེ་ཙམ་ཆེན་པོ་མེད་པ་བཅས་ཡིན་ཞེས་གསུངས།
ཐེ་ལན་རྒྱལ་ཁབ་ནི་རང་རྒྱལ་གྱིས་རྒྱའི་སྐད་ཡིག་དགེ་རྒན་གྱི་དང་བླངས་པ་མངགས་གཏོང་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་སྟེ་ལོ་ལྟར་ཐེ་ལན་དུ་དགེ་རྒན་བྱེད་པར་ཡོང་མཁན་ཀྲུང་གོའི་རྒྱའི་སྐད་ཡིག་དགེ་རྒན་གྱི་དང་བླངས་པ་1000ལས་བརྒལ་གྱི་ཡོད། ཐེ་ལན་རྒྱལ་ཁབ་ལ་བཅའ་སྡོད་རྒྱལ་ཁབ་ཀྱི་རྒྱའི་སྐད་ཡིག་རྒྱལ་སྤྱིར་ཁྱབ་གདལ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྐུ་ཚབ་ཁང་གི་ལས་དོན་མི་སྣ་རན་ཁྲའོ་ཡིས་དང་བླངས་པ་མང་ཆེ་བ་ནི་མེས་རྒྱལ་དང་གཉེན་ཉེ་དང་ཁ་བྲལ་ཐེངས་དང་པོ་ཡིན་པ་དང་སློབ་མ་ནས་དགེ་རྒན་དུ་གྱུར་མ་ཐག་ཡིན་པར་བརྟེན་ལས་ཀ་དང་འཚོ་བའི་ཐད་ལས་གནས་གསར་པ་དང་ཁོར་ཡུག་གསར་པ་འཕྲོད་པ་བྱེད་པའི་དུས་མཚམས་ཤིག་ཡོད་དགོས། ཐེ་ལན་དུ་རྒྱའི་སྐད་ཡིག་དགེ་རྒན་བྱེད་པར་ཡོང་མཁན་དང་བླངས་པ་ཚོ་ཐེ་ལན་རྒྱལ་ཁབ་ཀྱི་ས་གནས་ཁག་གི་སློབ་ཆེན་དང་སློབ་འབྲིང་ངམ་ཡང་ན་སློབ་ཆུང་དུ་མངགས་གཏོང་བྱས་པ་དང་སློབ་གྲྭ་ཁག་གཅིག་གྲོང་འདབས་དང་གྲོང་གསེབ་ཏུ་ཡོད་པར་བརྟེན་རིག་གནས་ཀྱི་ཧེ་བག་དང་། སྐད་བརྡ་མི་འཕྲོད་པ། འཚོ་བ་དཀའ་ཚེགས་ཆེ་བ་བཅས་ཡོད་པ་དེས་དང་བླངས་པར་ལས་ཀ་དང་འཚོ་བའི་ཐད་དཀའ་ངལ་བཟོས་ཡོད་ཅེས་གསུངས།
རྒྱལ་ཁབ་ཀྱི་རྒྱའི་སྐད་ཡིག་རྒྱལ་སྤྱིར་ཁྱབ་གདལ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཉེ་ལམ་ལོ་ཤས་ནང་གོང་གསལ་གནད་དོན་ཐད་མཐོང་ཧ་ཅང་ཆེན་པོ་བྱས་ཡོད། 2009ལོར་རྒྱལ་ཁབ་མང་པོའི་སྐད་ཡིག་གི་གྲབས་གསོག་དགེ་རྒན་གྱི་གསོ་སྦྱོང་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་ཏེ་ཐེ་ལན་དང་། ཧན་གོ སི་ཕེན་སོགས་རྒྱལ་ཁབ་ལ་དང་བླངས་པ་བརྒྱ་ལྷག་ཙམ་འདེམས་གཏོང་བྱས་ནས་ས་གནས་དེ་གའི་མཐོ་སློབ་ཏུ་ལོ་གཅིག་རིང་སྐད་ཡིག་གསོ་སྦྱོང་དང་སློབ་ཁྲིད་དངོས་སྦྱོང་བྱས་ནས་སློབ་མཇུག་འགྲིལ་རྗེས་དཔྱད་ཞིབ་བྱས་པ་བརྒྱུད་ཚད་ལོན་པ་རྣམས་གནས་ཡུལ་རྒྱལ་ཁབ་ཏུ་རྒྱའི་སྐད་ཡིག་དགེ་རྒན་གྱི་དང་བླངས་པ་བྱེད་པར་མངགས་གཏོང་བྱས་ཡོད།
དགེ་རྒན་གསོ་སྐྱོང་བྱེད་པའི་ཐད་ས་གནས་དེ་གའི་དགེ་རྒན་དཔུང་ཁག་གི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དེ་འགག་རྩ་ཡིན།
རྒྱའི་སྐད་ཡིག་གི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ངེས་པར་དུ་ས་ཆ་དེ་རང་གི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ས་ཆ་དེ་རང་གི་དགེ་རྒན་གྱི་གཞི་ཁྱོན་ཆེ་རུ་བཏང་ཚེ་གཞི་ནས་རྒྱའི་སྐད་ཡིག་རྒྱལ་སྤྱི་ཅན་དུ་འགྱུར་ཚད་སྔར་བས་གཏིང་ཟབ་ཏུ་འགྲོ་ཐུབ། ཞུས་ལིན་གྱིས་ས་ཆ་དེ་རང་གི་དགེ་རྒན་གསོ་སྐྱོང་བྱེད་པའི་ཐད་གཙོ་བོ་ཕྱོགས་གསུམ་ཐད་ཀྱི་འགྲན་སློང་འཕྲད་ཀྱི་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་སྟེ། དང་པོ་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་དབང་གིས་རྒྱལ་ཁབ་ཁག་ཅིག་དང་ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སློབ་གསོའི་སྔོན་རྩིས་ཉུང་འཕྲི་བྱས་པ་དང་ཐོག་མར་ཕྱི་རྒྱལ་སྐད་ཡིག་དགེ་རྒན་གྱི་གྲོན་དངུལ་སྔོན་རྩིས་ཉུང་འཕྲི་བྱས་ཡོད། རྒྱལ་ཁབ་དེ་དག་ལ་རྒྱའི་སྐད་ཡིག་གི་དགེ་རྒན་དཔུང་ཁག་གི་གཞི་ཁྱོན་དང་རྣམ་པ་ཆགས་མེད་སྟབས་ས་གནས་དེ་གའི་སྲིད་གཞུང་དང་སྐད་ཆ་བྱེད་པའི་ནུས་པ་མེད་པས་རྒྱལ་ཁབ་དེ་དག་གི་ས་ཆ་དེ་རང་གི་རྒྱའི་སྐད་ཡིག་དགེ་རྒན་གྱི་གྲངས་འབོར་དེ་ཚད་གཞི་མི་འདྲ་བའི་སྒོ་ནས་ཉུང་དུ་ཕྱིན་པ་དང་། གཉིས་པ། རྒྱལ་ནང་གི་སློབ་གྲྭ་ཆེ་ཁག་གིས་ཕྱི་རྒྱལ་གྱི་རྒྱའི་སྐད་ཡིག་དགེ་རྒན་གསོ་སྐྱོང་བྱ་རྒྱུ་མི་འདང་བ། གསུམ་པ། རིག་གནས་དབར་ཁྱད་པར་ཡོད་པ་དང་སློབ་ཁྲིད་ཀྱི་ཐབས་ཤེས་དང་སྐད་ཡིག་གི་མ་ལག་འདྲ་གི་མེད་སྟབས་ས་གནས་དེ་གའི་གནས་ཚུལ་དང་འཚམས་པའི་ས་ཆ་དེ་རང་གི་ཚད་ལྡན་དགེ་རྒན་གསོ་སྐྱོང་བྱེད་དཀའ་བ་བཅས་ཡིན་པ་རེད།
ཞུས་ལིན་གྱིས་གནད་དོན་དེ་དག་ཐག་གཅོད་བྱ་ཆེད་ཁུང་ཙེ་སློབ་གླིང་གིས་སྔོན་ལ་རྒྱལ་ནང་ནས་ས་ཆ་དེ་དག་ལ་སློབ་ཁྲིད་བྱེད་མཁན་དགེ་རྒན་བཏང་སྟེ་རྒྱའི་སྐད་ཡིག་དགེ་རྒན་དཔུང་ཁག་གི་གྲངས་འབོར་བརྟན་པོ་ཡོང་བ་བྱེད་པ་དང་ཆབས་ཅིག་ས་ཆ་དེ་རང་གི་དགེ་རྒན་གསོ་སྦྱོང་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཡུན་ལོ་བཅུ་ཡི་དུས་ཚོད་སྤྱད་དེ་ས་ཆ་དེ་རང་གི་ཆེད་ལས་དགེ་རྒན་དཔུང་ཁག་གི་གཞི་ཁྱོན་ངེས་ཅན་ཞིག་ཆགས་པ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་པ་རེད།
སློབ་གཞི་རྩོམ་འབྲི་བྱེད་པའི་ཐད་སྲོལ་རྒྱུན་བརྟན་སྲུང་བྱེད་པའམ་ཡང་ན་ས་གནས་དེ་རང་ཅན་དུ་འགྱུར་བ་བྱེད་དགོས་སམ།
རིག་གནས་དབར་ཁྱད་པར་ཡོད་པ་དང་སྐད་ཡིག་མ་ལག་འདྲ་གི་མེད་སྟབས་ཇི་ལྟར་བྱས་ཏེ་རྒྱའི་སྐད་ཡིག་གི་སློབ་གཞི་རྩོམ་འབྲི་བྱ་རྒྱུ་དེ་ཡང་དཀའ་གནད་ཅིག་ཡིན།
ཧྲའོ་དབྱི་ཝུའུ་ཡིས་གནད་དོན་དེའི་སྐོར་གླེང་སྐབས་ཧིན་རྡུ་ཉི་ཞི་ཡ་རུ་ད་ཆ་མང་ཆེ་བས་བེད་སྤྱོད་བྱེད་པ་ནི་ཀྲུང་གོས་རྩོམ་འབྲི་བྱས་པའི་རྒྱའི་སྐད་ཡིག་གི་སློབ་གཞི་སྣ་ཚོགས་ཡིན་མོད། འོན་ཀྱང་ད་ཕན་ལོ་ཤས་རིང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ནང་གིས་ཧིན་རྡུ་ཉི་ཞི་ཡ་བར་འཚམས་པའི་ས་ཆ་དེ་རང་གི་རྒྱའི་སྐད་ཡིག་གི་སློབ་གཞི་རྩོམ་འབྲི་བྱེད་དགོས་པའི་རེ་འབོད་ཆེ་ཙམ་བྱེད་ཀྱི་ཡོད་སྟབས་སློབ་གྲྭ་ཁག་གཅིག་གིས་རྒྱའི་སྐད་ཡིག་སློབ་གཞི་རང་རྩོམ་བྱེད་འགོ་བཙུགས་ཡོད། མི་མི་ཉུང་བ་ཞིག་གིས་ཀྲུང་གོ་དང་མཉམ་ལས་བྱས་ཏེ་རྒྱའི་སྐད་ཡིག་གི་སློབ་གཞི་རྩོམ་འབྲི་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དང་ལེན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་དང་ཐེ་གོའི་དབར་སློབ་གཞི་རྩོམ་འབྲི་བྱེད་པའི་ཐད་མཉམ་ལས་བྱེད་འགོ་འཛུགས་སྔ་ཙམ་ཡིན་ཞིང་། མིག་སྔར་ཐེ་གོས་ཀྲུང་གོ་དང་ཐེ་གོ་མཉམ་ལས་ཀྱིས་དཔེ་སྐྲུན་བྱས་པའི་རྨང་གཞིའི་རྒྱའི་སྐད་ཡིག་གི་སློབ་གཞི་དེ་རྒྱལ་ཁབ་དེའི་སློབ་གཞིའི་མ་ལག་དང་སློབ་ཁྲིད་ཀྱི་རྩ་འཛིན་ནང་བཅུག་ཡོད། 《རྒྱའི་སྐད་ཡིག་ལ་མྱོང་རོལ་བྱེད 》ཅེས་པའི་རིམ་སྤེལ་སློབ་གཞི་དེ་དག་ཀྲུང་གོ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་ཐེ་གོ་སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་ཨུ་ཡོན་ལྷན་ཁང་མཉམ་ལས་བྱས་ནས་རྩོམ་འབྲི་བྱས་པ་དང་འབྲེལ་དཔེ་སྐྲུན་བྱས་ཡོད། སློབ་གཞི་དེའི་ནང་ཐེ་གོའི་ས་ཆ་དེ་རང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས་ད་ཆ་ཐེ་གོའི་སློབ་གྲྭ་འབྲིང་ཆུང་དུ་སློབ་ཁྲིད་བྱེད་ཀྱི་ཡོད། ཐེ་གོའི་ཉམས་མྱོང་ཐོག་ནས་མངོན་པར། རྒྱའི་སྐད་ཡིག་གི་སློབ་གཞི་ས་གནས་དེ་རང་ཅན་དུ་འགྱུར་བ་བྱེད་པ་དེ་ནི་འཕེལ་ཕྱོགས་ཤིག་ཡིན་དགོས། རྒྱལ་ཁབ་རྒྱའི་སྐད་ཡིག་རྒྱལ་སྤྱིར་ཁྱབ་གདལ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ཀྲུང་གོའི་སློབ་གླིང་དང་སློབ་གྲྭ་ཁག་གཅིག་གིས་གནད་དོན་དེར་དམིགས་ཏེ་ཆ་ལག་ཚང་བའི་སྒོ་ནས་ཞིབ་འཇུག་བྱེད་དགོས།
དོགས་གནད་སེལ་སྟབས་རྒྱ་གར་དང་ཝེ་ཐེ་ནམ་གྱིས་ཁུང་ཙེ་སློབ་གླིང་འཛུགས་རྒྱུར་རེ་སྒུག་བྱེད་པ།
འདི་ག་ཚགས་པར་གྱི་གསར་འགོད་པས་ཤེས་རྟོགས་བྱས་པར། ཝེ་ཐེ་ནམ་གྱི་སློབ་གླིང་དང་སློབ་གྲྭ་ཁག་ཏུ་བཀོད་སྒྲིག་བྱས་པའི་རྒྱའི་སྐད་ཡིག་གི་སློབ་ཚན་མང་ཙམ་ཡོད་པ་མ་ཟད་སྤྱི་ཚོགས་ཐོག་གི་ཕྱི་རྒྱལ་སྐད་ཡིག་གསོ་སྦྱོང་ལྟེ་གནས་ཧ་ཅང་མང་པོ་ཞིག་གིས་ཀྱང་རྒྱའི་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་ཡོད་སྟབས་ཝེ་ཐེ་ནམ་གྱི་ན་གཞོན་ཚོས་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་བདེ་པོ་ཡོད་པས་ཁུང་ཙེ་སློབ་གླིང་འཛུགས་པའི་དགོས་མཁོ་དེ་ཙམ་ཆེན་པོ་མེད་མོད། འོན་ཀྱང་རྒྱའི་སྐད་ཡིག་གི་ཆེད་ལས་བཙུགས་པའི་སློབ་ཆེན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ཏེ་ཁུང་ཙེ་སློབ་གླིང་མགྱོགས་མྱུར་བཙུགས་ནས་རྒྱའི་སྐད་ཡིག་གི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཁོང་ཚོས་མཉམ་ལས་དེ་དག་ལ་ཀྲུང་གོ་ཕྱོགས་ནས་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་རྒྱུར་ཡང་རེ་བ་བྱེད་ཀྱི་ཡོད་པ་རེད།
འདི་ག་ཚགས་པར་གྱི་གསར་འགོད་པས་རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ནས་ཤེས་རྟོགས་བྱས་པར། མིག་སྔར་གཞུང་ཚབ་ཁང་དུ་ཧ་ལམ་གཟའ་འཁོར་རེར་ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱའི་སྐད་ཡིག་སློབ་ཚན་སྐོར་སྐད་ཆ་དྲི་བའི་ཁ་པར་ཐེངས་བཅུ་ཕྲག་ཁ་ཤས་འབྱོར་གྱི་ཡོད་པ་དང་མི་མི་ཉུང་བ་ཞིག་གིས་ད་དུང་ཁུང་ཙེ་སློབ་གླིང་གི་སྐོར་སྐད་ཆ་དྲི་གི་ཡོད་མོད་འོན་ཀྱང་རྒྱ་གར་དུ་ཡོད་པའི་སློབ་གསོའི་སྒྲིག་གཞི་གཙོ་བོ་ཁག་ནང་ཁུང་ཙེ་སློབ་གླིང་འཛུགས་རྒྱུའི་སྐོར་གྱི་གྲོས་འགོར་རྒྱ་གར་གཞུང་ཕྱོགས་ཀྱིས་སྔར་ནས་བཟུང་གཞོགས་འདེགས་དེ་ཙམ་བྱེད་ཀྱི་མེད། 2006ལོར་པེ་ཅིང་སློབ་ཆེན་དང་རྒྱ་གར་ཉི་ཧོ་ལུའུ་སློབ་ཆེན་གྱིས་ཀྲུང་གོ་སློབ་གསོ་པུའུ་ལ་ཏི་ལི་གསར་པར་ཁུང་ཙེ་སློབ་གླིང་དང་པོ་འཛུགས་རྒྱུའི་རེ་འདུན་ཞུས་པར་སློབ་གསོ་པུའུ་རྒྱལ་ཁབ་རྒྱའི་སྐད་ཡིག་རྒྱལ་སྤྱིར་ཁྱབ་གདལ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཀྱང་ཆོག་མཆན་སྤྲད་ཡོད། ཕྱི་ལོའི་ཟླ་བ་གསུམ་པར་སློབ་གསོ་པུས་རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་བརྒྱུད་ནས་ཉི་ཧོ་ལུའུ་སློབ་ཆེན་ལ་ཁུང་ཙེ་སློབ་གླིང་འཛུགས་པའི་མ་དངུལ་ཨ་སྒོར་ཁྲི་5བརྒྱུད་སྤྲོད་བྱས་ཡོད་མོད། འོན་ཀྱང་འཆར་གཞི་དེར་ད་བར་དངོས་སུ་རྒྱ་གར་སྲིད་གཞུང་གི་ཆོག་མཆན་ཐོབ་མེད། དེ་མིན་རྒྱ་གར་ལྷོ་རྒྱུད་ཀྱི་ཝུའེ་ལུའོར་ཚན་རྩལ་སློབ་ཆེན་གྱིས་ཀྱང་ཀྲུང་གོའི་ཀྲེན་ཀྲོའུ་སློབ་ཆེན་དང་མཉམ་དུ་ཁུང་ཙེ་སློབ་གླིང་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་2009ལོའི་ཟླ་བ་བཞི་པར་ཝུའེ་ལུའོར་ཚན་རྩལ་སློབ་ཆེན་དུ་རྒྱའི་སྐད་ཡིག་ལྟེ་གནས་བཙུགས་རུང་ད་བར “ཁུང་ཙེ་སློབ་གླིང ”གི་སྒོ་བྱང་འགེལ་རྒྱུའི་ཆོག་མཆན་སྤྲད་མེད། ཇི་ལྟར་བྱས་ཏེ་ཕྱི་འབྲེལ་དང་། སློབ་གསོ། རིག་གནས་སོགས་འབྲེལ་ཡོད་སྒྲིག་གཞིའི་མཐུན་སྦྱོར་འབད་བརྩོན་དང་སྐུལ་འདེད་ཧུར་ཐག་གཏོང་བ་བརྒྱུད་ཕ་རོལ་གྱི་དོགས་གནད་སེལ་རྒྱུ་དང་འཐུས་མཆན་འགོད་པའི་འགྲོ་ལུགས་གཉེར་བ་སོགས་ཐད་ཀྱི་ཪྙོག་དྲ་ཉུང་དུ་གཏོང་རྒྱུ་ནི་འབྱུང་འགྱུར་ཨེ་ཤེ་ཡའི་ས་ཁུལ་དུ་ཁུང་ཙེ་སློབ་གླིང་རྒྱ་ཆེར་གཏོང་རྒྱུར་འཕྲད་པའི་གལ་ཆེའི་གནད་དོན་ཞིག་ཡིན།
གསར་འགོད་པས་འབྲེལ་བ་བྱས་པའི་འབྲེལ་ཡོད་མི་སྣ་ཚང་མས་ཁུང་ཙེ་སློབ་གླིང་འཛུགས་རྒྱུ་དེ་ནི་དོན་དམ་དུ་སྤྱི་པའི་ཕྱི་འབྲེལ་ཞིག་ཡིན། ཁུང་ཙེ་སློབ་གླིང་ཡག་པོ་གཉེར་ཚེ་རྒྱལ་སྤྱིའི་ཐོག་རྒྱའི་སྐད་ཡིག་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་ཐུབ་པ་མ་ཟད་ཕྱི་རྒྱལ་བས་ཀྲུང་གོ་ཤེས་རྟོགས་ཀྱང་བྱེད་ཟབ་ཏུ་འགྲོ་ཐུབ་ཅེས་གསུངས་ཀྱི་འདུག་པས་ཁུང་ཙེ་སློབ་གླིང་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི “མི་དམངས་དང་མི་དམངས ”དབར་སྤེལ་རེས་བྱེད་ཐབས་ཡག་ཤོས་ཀྱི་གྲས་ཤིག་ཡིན་ཞེས་ཤོད་ཆོག
( ཕྱི་རྒྱལ་དུ་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཏིང་ཀང་དང་། སུན་ཀོང་ཡུང་། མང་ཅིའུ་ཁྲེང་། ཀྲང་ཧུའེ་ཀྲུང་། ལེའོ་ཀྲེང་ཅུན། ལིའུ་ཀང་བཅས་ཀྱིས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣