ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6 ཚེས་1 ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་1 ཉིན་རིག་གནས་པུའུ་ནས་ཤེས་རྟོགས་བྱུང་བར་ཨོ་སི་ཁྲུ་ལི་ཡའི “ཀྲུང་གོའི་རིག་གནས་ལོ ”འགོ་འཛུགས་གྲབས་ཡོད་པ་རེད།
2009 ལོའི་ཟླ་10 པར་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཉམ་འབྲེལ་གྱི་གསལ་བསྒྲགས་སྤེལ་ནས་ཀྲུང་གོས་ 2011 ལོའི་ཟླ་6 ནས་2012 ལོའི་ཟླ་6 བར་ཨོ་སི་ཁྲུ་ལི་ཡར “ཀྲུང་གོའི་རིག་གནས་ལོ ”གཉེར་རྒྱུའི་གཏན་འཁེལ་བྱས་པ་རེད། 2011ལོའི་ཟླ་2 པར་ཨོ་སི་ཁྲུ་ལི་ཡར་བཅའ་བཞུགས་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁན་པེ་ར་རུ “ཀྲུང་གོའི་རིག་གནས་ལོའི ”འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
ཟླ་6 ཚེས་24 ཉིན་ཨོ་སི་ཁྲུ་ལི་ཡའི “ཀྲུང་གོའི་རིག་གནས་ལོ ”དེ་ཞི་ཉི་རུ་དངོས་སུ་འགོ་འཛུགས་རྒྱུ་རེད། ད་རེས་ཀྱི “ཀྲུང་གོའི་རིག་གནས་ལོ ”དེ་ཨོ་སི་ཁྲུ་ལི་ཡའི་ཞི་ཉི་དང་། མོའར་པིན། པུ་ལི་སི་པན། ཨ་ཏེ་ལའེ་ཏེ། ཁན་པེ་ར་སོགས་གྲོང་ཁྱེར་གཙོ་བོར་གཉེར་རྒྱུ་ཡིན་ཞིང་ཞབས་བྲོ་དང་། རོལ་དབྱངས། འགྲེམས་སྟོན། བགྲོ་གླེང་ཚོགས་འདུ། ཁྲང་ཞི་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་བཅུ་གྲངས་ཁ་ཤས་ལས་གྲུབ་པ་དང་དེའི་ནང་གི་རྣམ་གྲངས་གཙོ་བོའི་ནང་དབྱང་ལིས་ཕིང་གིས་འཁྲབ་སྟོན་པ་གཙོ་བོ་བྱས་པའི་གདོད་མའི་ཟློས་གར 《ཡུན་ནན་གྱི་འཆར་སྣང 》དང་། ཀྲུང་དབྱང་པ་ལིའི་ཞབས་བྲོ་ཚོགས་པའི 《པད་མའི་བསིལ་ཁང 》 ལེའོ་ཉིང་པ་ལིའི་ཞབས་བྲོ་ཚོགས་པའི 《མཐའ་མའི་གོང་མ 》རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི 《དགའ་རྩེར་རོལ་བའི་བསེ་རུ 》ལང་ལང་དང་ལི་ཁྲོན་ཡུན་གྱི་རྐྱང་དཀྲོལ་རོལ་དབྱངས་འདུ་འཛོམས། ཀྲུང་གོ་མཛེས་རྩལ་ཁང་གི “ཀྲུང་གོའི་དེང་རབས་སྒྱུ་རྩལ་འགྲེམས་སྟོན ”ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དེང་རབས་རིག་གནས་གླེང་སྟེགས་སོགས་ཚུད་ཡོད་པ་རེད།