རི་པིན་གྱི་རང་དབང་དམངས་གཙོ་ཏང་སོགས་སྲིད་དབང་བཟུང་མེད་པའི་ཏང་གིས་ཟླ་6ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པར་རི་པིན་རྒྱལ་ཚོགས་ཀྱི་ཀྲུང་དབྱི་ཡོན་ལ་ཅན་ཀྲི་རེན་ནང་བློན་ཁང་ལ་དམིགས་པའི་ཡིད་ཆེས་མེད་པའི་གྲོས་ཡིག་ཕུལ་ཞིང་། དབུ་བཞུགས་བློན་ཆེན་ཅན་ཀྲི་རེན་གྱིས་ཉིན་དེའི་མཚན་གུང་དུ་གལ་སྲིད་གྲོས་ཡིག་དེར་གྲོས་འཆམ་བྱུང་ཚེ་ཀྲུང་དབྱི་ཡོན་མེད་པ་བཟོས་ནས་འདེམས་བསྐོ་ཆེན་པོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་དབྱི་ཡོན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་ཚེས་2ཉིན་གྱི་ཕྱི་དྲོར་གྲོས་གཞི་དེར་སྤ་སེ་འཕེན་ནས་བརྡས་ཐག་གཅོད་རྒྱུ་ཡིན་པ་རེད།
སྲིད་དབང་འཛིན་མཁན་དམངས་གཙོ་ཏང་གི་འཐུས་མི (ཏང་གི་འགོ་གཙོ )ཅན་ཀྲི་རན་དང་སྲིད་དབང་བཟུང་མེད་པའི་ཏང་གི་སྤྱི་འདོམས་པ་ཀུའུ་ཡོན་ཀྲན་དབྱི་དང་ཀུང་མིང་ཏང་གི་འཐུས་མི (ཏང་གི་འགོ་གཙོ )ཧྲན་ཁོའུ་ན་ཅིན་ནན་བཅས་ཀྱིས་ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་རྒྱལ་ཚོགས་སུ་ཏང་གི་འགོ་གཙོའི་དབར་གྱི་རྩོད་གླེང་བྱས་ནས་ཀུའུ་ཡོན་དང་ཧྲན་ཁོའུ་གཉིས་ཀྱིས་དབུ་བཞུགས་བློན་ཆེན་ཅན་ཀྲི་རེན་གྱི་འགོ་ཁྲིད་འོག་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་མངོན་འགྱུར་བྱུང་མེད་པ་རྒྱུ་མཚན་དུ་བྱས་ནས་ཅན་ཀྲི་རེན་ལ་རང་འགུལ་ངང་ལས་ཁུར་དགོངས་ཞུ་བྱ་རྒྱུའི་རེ་བ་བཏོན་ཡོད་པ་རེད།
ནང་བློན་ཁང་ལ་ཡིད་ཆེས་མེད་པའི་གྲོས་ཡིག་དེ་ནི་རི་པིན་གྱི་སྲིད་དབང་བཟུང་མེད་པའི་ཏང་གིས་སྲིད་འཛིན་ཏང་ལ་རྡུང་རྡེག་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ཞིང་། རི་པིན་གྱི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན་ཡིད་ཆེས་མེད་པའི་གྲོས་ཡིག་དེ་གལ་སྲིད་ཀྲུང་དབྱི་ཡོན་དུ་གྲོས་འཆམ་བྱུང་ཚེ་ནང་བློན་ཁང་གིས་ངེས་པར་དུ་ཉིན་10ནང་ཚུན་དུ་ནང་བློན་ཁང་གི་ལས་ཁུར་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱེད་དགོས་པའམ་ཡང་ན་ཀྲུང་དབྱི་ཡོན་མེད་པ་བཟོས་ནས་འདེམས་བསྐོ་ཆེན་པོ་བྱེད་དགོས་པ་དང་། ད་ལྟ་སྤྱོད་པའི་རྩ་ཁྲིམས་འོག་ཀྲུང་དབྱི་ཡོན་གྱིས་ནང་བློན་ཁང་ལ་ཡིད་ཆེས་མེད་པའི་གྲོས་ཡིག་ལ་གྲོས་འཆམ་ཁྱོན་ཐེངས་4བྱས་པས་སྐབས་དེར་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་མཁན་ཚང་མས་ཀྲུང་དབྱི་ཡོན་མེད་པ་བཟོས་ནས་འདེམས་བསྐོ་ཆེན་པོ་བྱ་རྒྱུའི་གདམ་ག་བྱས་ཡོད་ཅིང་། རྒྱུན་སྲོལ་ལྟར་ན་ཡིད་ཆེས་མེད་པའི་གྲོས་ཡིག་བཏོན་རྗེས་རི་པིན་རྒྱལ་ཚོགས་ཀྱིས་ངེས་པར་དུ་དེ་མིན་གྱི་ཁྲིམས་གཞིར་གྲོས་ཞིབ་བྱ་རྒྱུ་གནས་སྐབས་མཚམས་འཇོག་བྱས་ནས་སྔོན་ལ་ཡིད་ཆེས་མེད་པའི་གྲོས་ཡིག་ལ་བརྡས་ཐག་གཅོད་དགོས་ཀྱི་ཡོད་པ་རེད།