མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གཡོད་ཧན་ནེ་སི་པའོ་དང་། ཁེ་རོ། ཕ་རི་སི་བཅས་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ལི་པི་ཡ་གནད་དོན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་ཚེས་30ཉིན་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིར་ཕེབས་འབྱོར་ཟིན་ཏེ་ལི་པི་ཡའི་ཤོག་ཁག་ཁག་གིས་དམག་རྒྱག་མཚམས་སྔ་ཙམ་འཇོག་རྒྱུའི་འདུམ་འགྲིག་བྱ་རྒྱུ་དང་ཆབ་སྲིད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་འཚམས་འདྲི་གནང་ཞིང་། གླིང་ཆེན་ཨ་ཧྥེ་རི་ཁའི་གླེང་ཕྱོགས་ཀྱིས་ལི་པི་ཡའི་གདོང་ཐུག་ཞི་བས་ཐག་གཅོད་བྱ་རྒྱུར་རེ་བ་ཕྲན་བུ་ཡོད་པས་ད་རེས་ཙུའུ་མ་ཕེབས་པའི་འབྲས་བུ་དེའང་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་ཨ་ཧྥེ་རི་ཁའི་ལས་དོན་ཐད་སྐད་ཆ་ཤོད་དབང་སླར་ཡང་ཐོབ་མིན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
ཙུའུ་མ་ཡིས་ཁ་ཀྲ་ཕེ་སྲིད་ཁྲི་ནས་བབ་དགོས་པའི་ཁ་ཏ་བསླབ་བྱ་བྱ་རྩིས་ཡོད།
ལྷོ་ཨ་ཧྥེ་རི་ཁའི 《སྦྲག་སྲུང་ཚགས་པར་ཐོག 》ཚེས་29ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཙུའུ་མ་ལི་པི་ཡར་སླར་ཡང་ཕེབས་པ་ནི་ལི་པི་ཡའི་ངོ་རྒོལ་ཤོག་ཁག་གིས་གདན་འདྲེན་ཞུས་པ་ཞིག་ཡིན་པ་མིག་སྔར་ར་སྤྲོད་བྱུང་མེད། ཚེས་28ཉིན་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཁང་གི་མགྲིན་ཚབ་པ་ཁུའུ་ཐི་ཝ་ཡིས་ད་རེས་ཙུའུ་མ་ཕེབས་པ་ནི་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཕྱི་འབྲེལ་ཐད་འབད་བརྩོན་བྱེད་པའི་ཆ་ཤས་ཡིན་པ་དེའི་དམིགས་ཡུལ་ནི་ཁ་ཀྲ་ཕེ་སྲིད་ཁྲི་ནས་བབ་དགོས་པའི་བློ་འགུག་བྱ་རྒྱུ་དེ་ཡིན་ཞེས་གསུངས། ཤེས་རྟོགས་བྱུང་བར་གཞིགས་ན། ཙུའུ་མ་ཡིས་ལི་པི་ཡའི་འགོ་ཁྲིད་པ་ཁ་ཀྲ་ཕེ་དང་གྲོས་མོལ་གནང་རིང་དམག་མཚམས་འཇོག་དགོས་པའི་དགོས་ངེས་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ནན་བཤད་གནང་བར་ཁ་ཀྲ་ཕེས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཕྱོགས་ཀྱི་འདུམ་འགྲིག་ལས་དོན་ལ་དགའ་བསུ་ཞུས་པ་མ་ཟད། ལི་པི་ཡའི་གནད་དོན་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་འདུམ་འགྲིག་ཇུས་གཞི་གང་ཞིག་ཡིན་རུང་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྒྲོམ་གཞིའི་ནང་གྲོས་བསྡུར་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།
དེང་སྐབས་ལི་པི་ཡའི་གདོང་ཐུག་ཕྱོགས་གཉིས་ཀའི་རྩ་བའི་རྣམ་འགྱུར་ལ་འགྱུར་ལྡོག་བྱུང་མེད་པར་བརྟེན་ཙུའུ་མ་ལི་པི་ཡར་སླར་ཡང་ཕེབས་པ་དེར་ཚད་བརྒལ་ཆེན་པོ་ཡོང་དཀའ། ལི་པི་ཡ་སྲིད་གཞུང་གིས་ཉམས་ཉེས་ཐག་གཅོད་བྱེད་པའི་གྲོས་འགོ་གང་ཞིག་ཡིན་རུང་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་བརྒྱུད་དགོས་ཞེས་ནན་བཤད་བྱས་ཀྱང་ཁ་ཀྲ་ཕེས་བྱང་ཆིངས་ཀྱི་མཁའ་ཐོག་འཇབ་རྒོལ་དང་མཐུན་ཐབས་གཏན་ནས་བྱེད་ཀྱི་མིན་ཞེས་གསུངས་ཡོད། ཡིན་ནའང་ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་འགོ་ཁྲིད་པ་ཅ་ལི་ལེས་ཚེས་28ཉིན་ཇུས་གཞི་གང་ཞིག་ཡིན་རུང་ཁ་ཀྲ་ཕེ་སྲིད་ཁྲི་ནས་འབེབ་རྒྱུ་དེ་ངེས་པར་དུ་ཚུད་དགོས་ཞེས་ནན་བཤད་གནང་ཡོད།
གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ས་ཁུལ་གྱི་འགོ་ཁྲིད་ནུས་པར་ཚོད་བགམ་ཐེག་པ།
ལྷོ་ཨ་ཧྥེ་རི་ཁའི་སྲིད་སྐྱོང་ཏང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་དམངས་ཚོགས་ཆེན་གྱིས་ཚེས་29ཉིན་གསལ་བསྒྲགས་སྤེལ་ཏེ་ལྷོ་ཨ་ཧྥེ་རི་ཁ་དང་གླིང་ཆེན་ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོའི་ཞི་བདེར་དགའ་ཞེན་བྱེད་མཁན་མི་དམངས་ཚང་མས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལི་པི་ཡར་སྨྱོ་བ་ལྟར་འབར་མདེལ་དབྱུགས་པ་དེར་མགྲིན་གཅིག་ཏུ་ཁ་རྡུང་གཏོང་གི་ཡོད་ཅེས་འཁོད་ཡོད་པ་དང་། གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན་ཧྥ་རན་སེའི་ཕྱི་འབྲེལ་དཔོན་ཟུར་པ་ལུའོ་ལང ·ཏི་མས་ཚེས་29ཉིན་ཧྥ་རན་སེའི་ཁྲིམས་རྩོད་པ་ཡ་ཁེ ·ཝུའེར་རེ་ནེ་སིར་ཕེབས་རོགས་ཞུས་ཏེ་ལི་པི་ཡར་འཚམས་འདྲི་གནང་བ་མ་ཟད། བྱང་ཆིངས་ཀྱིས་ལི་པི་ཡར་རྡུང་རྡེག་གཏོང་བའི་ཁྲོད་ཤི་རྨས་བྱུང་བའི་མི་སེར་དཀྱུས་མའི་དཔྱད་ཡིག་བསྡུ་རུབ་ཀྱང་གནང་ཡོད། ཁོང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་གལ་སྲིད་ལི་པི་ཡའི་འགོ་ཁྲིད་པ་ཁ་ཀྲ་ཕེ་ཧའེ་ཡ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་རར་བསྐྱལ་ནས་འདྲི་ཞིབ་དང་ལེན་བྱས་ཚེ་ངས་ཁ་ཀྲ་ཕེར་ཁུངས་སྐྱེལ་དག་འབུད་བྱེད་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།
ཙུའུ་མ་དེ་གོང་དམག་རྒྱག་མཚམས་འཇོག་ཆེད་ཕེབས་པ་དེའང་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སེམས་ཤུགས་བསྐྱར་གསོ་ཡོང་བ་བྱེད་པ་ཞིག་ཡིན་པར་བརྩི་ཆོག གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཕྱི་འབྲེལ་ལ་བརྟེན་ནས་ལི་པི་ཡའི་གདོང་ཐུག་ཐག་གཅོད་བྱེད་དགོས་ལུགས་ནན་བཤད་བྱས་ཀྱང་བྱང་ཆིངས་ཀྱིས་བསྟུད་མར་མཁའ་ཐོག་འཇབ་རྒོལ་བྱས་སྟབས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཕྱི་འབྲེལ་གྱི་འབད་བརྩོན་དེ་སྟོབས་ཧ་ཅང་ཞན་པོ་ཞིག་ཏུ་གྱུར་ཡོད། ས་ཁུལ་དེ་གའི་ལས་དོན་ཁྲོད་འགོ་ཁྲིད་ཀྱི་ནུས་པ་འདོན་ཐུབ་རྒྱུའི་རེ་བ་བྱེད་མཁན་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ངོས་ནས་བཤད་ན་བྱང་ཆིངས་ཀྱིས་ལི་པི་ཡར་དམག་དོན་རྡུང་རྡེག་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་བརྟེན་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ལི་པི་ཡའི་གདོང་ཐུག་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་དེ་ནར་འགྱངས་བྱ་ཐབས་བྲལ་བ་ཞིག་ཏུ་གྱུར་པའི་ངོས་འཛིན་བྱས་ཡོད། ཚེས་25དང་ཚེས་26ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་ཏུ་འཚོགས་པའི་ལི་པི་ཡའི་གནད་དོན་གྱི་དམིགས་བསལ་དབུ་ཚོགས་ཐོག་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨ་ཧྥེ་རི་ཁ་ས་ཁུལ་གྱི་གདོང་ཐུག་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྐྱར་བཤད་བྱས་པ་དང་འབྲེལ་ས་ཁུལ་ལས་དོན་ཁྲོད་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁའི་འགོ་ཁྲིད་ནུས་པར་མཐོང་ཆེན་བྱེད་དགོས་པའི་ནན་བཤད་ཀྱང་བྱས་ཡོད།
“མཁར་རྫོང་གི་དགྲ་ཟླ ”བྱང་ཆིངས་ཀྱི་རྟེན་གཞིར་དབོར་བ།
ས་གནས་དེ་གའི་མཐོང་མཁན་ཞིག་གིས་བཤད་པར་གཞིགས་ན། བྱང་ཆིངས་ཀྱི་དམག་འཐབ་གནམ་གྲུས་ཚེས་30ཉིན་ལི་པི་ཡའི་གྲུ་ཁའི་གྲོང་ཁྱེར་རྨི་སུའུ་ལ་ཐའི་ནུབ་རྒྱུད་ཀྱི་ཚི་ལི་ཐེན་གྲོང་རྡལ་ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་ཏེ་མི་11རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་མཁན་20ལས་བརྒལ་བ་དང་གཞན་ཡང་དམག་སྤྱོད་དང་དམངས་སྤྱོད་སྒྲིག་ཆས་མང་པོ་ཞིག་ལ་གཏོར་སྐྱོན་བཏང་ཡོད། ཚེས་30ཉིན་བྱང་ཆིངས་ཀྱི་དྲུང་ཆེ་ལ་སི་མུའུ་སེན་གྱིས་པུར་ཀ་རི་ཡར་ལི་པི་ཡར་སྤེལ་བའི་དམག་དོན་བྱ་སྤྱོད་དེ་སྔོན་དཔག་གི་དམིགས་ཚད་ལ་སླེབས་བཞིན་ཡོད་པ་དང་ཁ་ཀྲ་ཕེའི་སྲིད་དབང་མཇུག་བསྒྲིལ་ཉེར་ཡོད་ཅེས་དང་ཁོང་གིས་ཁ་ཀྲ་ཕེའི་སྲིད་དབང་གིས་མི་སེར་ལ་དམིགས་པའི་འཇབ་རྒོལ་མཐའ་དག་མཚམས་མ་འཇོག་བར་བྱང་ཆིངས་ཀྱིས་མུ་མཐུད་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞེས་གསུངས་ཡོད། གཞན་ཡང་དབྱིན་ཇིའི་རྒྱལ་སྲུང་པུས་བཀོད་གཏོང་བྱས་པའི་“མཁར་རྫོང་གི་དགྲ་ཟླ ”ཞེས་པའི་ས་འོག་ཏུ་འཛུལ་བའི་འབར་མདེལ་མིག་སྔར་ལི་པི་ཡར་མཁའ་ཐོག་ནས་འཇབ་རྒོལ་བྱས་པའི་བྱ་སྤྱོད་ཐད་སྤྱོད་རྒྱུའི་བྱང་ཆིངས་ཀྱི་མཁའ་དམག་རྟེན་གཞིར་དབོར་ཡོད། འབར་མདེལ་དེར་ལྗིད་ཚད་ཏུན་1ཙམ་ཡོད་པ་དང་འགོག་སྲུང་གི་ནུས་པ་ཧ་ཅང་ཆེ་བའི་བཟོ་སྐྲུན་དངོས་པོའི་ཐོག་དང་གྱང་ལ་འཛུལ་ཤུགས་དང་གཏོར་བཤིག་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།