ཉེ་ཆར་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁའི་གླེང་སྟེགས་ཀྱི་དབུ་ཚོགས་སྐབས་གཉིས་པ་དེ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་ཡོད་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་སྤྱི་ཁྱབ་ཁང་དུ་འགོ་ཚུགས་པ་དང་ད་རེས་དབུ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི “རོགས་ཟླའི་འབྲེལ་བར་སྐུལ་མ་བཏང་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་མཉམ་སྤྱོད་བྱེད ”ཅེས་པ་དེ་ཡིན་ཞིང་། གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་། གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་དབྲང ·ཕིང་། རྒྱ་གར་གྱི་ཙུང་ལི་ཤིང་ཀེ་བཅས་དང་དེ་བཞིན་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་བཅུ་ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་ད་རེས་གླེང་སྟེགས་དབུ་ཚོགས་ཀྱི་དམིགས་ཡུལ་ནི་དཔལ་འབྱོར་དང་། ཆབ་སྲིད། ཚན་རིག ལག་རྩལ། ཡུལ་སྐོར་སྤྲོ་འཆམ། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ། ཁོར་ཡུག་སོགས་ཁྱབ་ཁོངས་ནང་གི་གླིང་ཆེན་ཨ་ཧྥེ་རི་ཁ་དང་རྒྱ་གར་དབར་གྱི་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་སྟེ་གླིང་ཆེན་ཨ་ཧྥེ་རི་ཁ་དང་རྒྱ་གར་དབར་གྱི་འབྱུང་འགྱུར་གྱི་མཉམ་ལས་སྒྲོམ་གཞི་ཐུན་མོང་ཐོག་བཟོས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ལེགས་སུ་གཏོང་རྒྱུའི་ལམ་ཕྱོགས་གཏོད་རྒྱུ་དེ་ཡིན་ཞེས་བཤད་ཡོད་ཅིང་། དབུ་ཚོགས་འགོ་མ་ཚུགས་གོང་ཤིང་ཀེ་ཡིས་གླིང་ཆེན་ཨ་ཧྥེ་རི་ཁ་དེ་དར་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་འགྲོ་བར་སྐུལ་མ་གཏོང་མཁན་རྒྱལ་ཁབ་གསར་པ་ཞིག་ཏུ་གྱུར་ཡོད་པ་དང་རྒྱ་གར་གྱི་དཔལ་འབྱོར་དེའང་རྒྱུན་མཐུད་ངང་འཕེལ་རྒྱས་མྱུར་པོ་འགྲོ་བའི་ལམ་བུའི་ཐོག་ནས་སླེབས་ཡོད་པར་བརྟེན་ཕྱོགས་གཉིས་པོར་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁ་དབར་གྱི་འབྱུང་འགྱུར་འབྲེལ་བར་ཀ་རྟེན་གསུམ་པོ་ཡོད་པ་དེ་ནི་དཔལ་འབྱོར་ཚོང་དོན་དང་། གསོ་སྦྱོང་དང་ལག་རྩལ་གཞན་སྒྱུར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཡིན་ཞེས་གསུངས་པ་རེད།
དཔལ་འབྱོར་ཚོང་དོན་ཐད་ཀྱི་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ནི་རྒྱ་གར་གྱིས་གླིང་ཆེན་ཨ་ཧྥེ་རི་ཁའི་འབྲེལ་བ་ལེགས་སུ་གཏོང་རྒྱུའི་གཙོ་གནད་དེ་ཡིན་ཞིང་། རྒྱ་གར་དང་གླིང་ཆེ་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱི་ཉོ་ཚོང་དེ་2001 ལོའི་ཨ་སྒོར་དུང་ཕྱུར་55 ནས་2010 ལོའི་ཨ་སྒོར་དུང་ཕྱུར་400 བར་མང་དུ་ཕྱིན་ཡོད། མིག་སྔར་རྒྱ་གར་གྱི་ཀུང་སི་250 ཙམ་གྱིས་ནུས་རྒྱུ་དང་། གློག་འཕྲིན། རྫས་འགྱུར་དང་བཟོ་ལས། གཏེར་འདོན་སོགས་གླིང་ཆེན་ཨ་ཧྥེ་རི་ཁའི་ལས་རིགས་ནང་མ་དངུལ་བཏང་ཡོད་པའི་ཁྲོད་རྒྱ་གར་གྱི་ཐ་ཐ་ཚོགས་པའི་ལས་སྒོ་དེ་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་10 ལྷག་ཙམ་ནང་ཁྱབ་ཡོད་པ་དང་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1ལས་བརྒལ་ཡོད་པ་རེད།
རྒྱ་གར་གྱིས་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁའི་གླེང་སྟེགས་ཀྱི་དབུ་ཚོགས་དེ་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁའི་དབར་དཔལ་འབྱོར་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ་དང་རིག་གནས་སྤེལ་རེས་བྱ་ཡུལ་དུ་བརྩི་ཡི་ཡོད་ཅིང་། ད་རེས་དབུ་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་ཨེ་ཏི་སི་ཨ་པ་པ་རུ་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རིག་གནས་འགྲེམས་སྟོན་དང་རྒྱ་གར་གྱི་བཟོ་ཚོང་དང་རིག་གནས་འགྲེམས་སྟོན་ཆེ་གྲས་གཉེར་ཡོད་པ་རེད། གསར་འགོད་པས་ལྟ་ཞིབ་བྱས་པར་གཞིགས་ན། གླིང་ཆེན་ཨ་ཧྥེ་རི་ཁར་སྐྱེ་ཁུངས་རྒྱ་གར་ནས་ཡིན་པའི་མི་ཡོད་པ་དང་ལྷག་དོན་དུ་གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་རྒྱུད་ས་ཁུལ་དུ་དེ་བས་མང་པོ་ཡོད། ཏི་ལི་གསར་པའི་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཕུའུ་ལ་ཧ་མ་ཡིས་ད་ཕན་ལོ་ཤས་རིང་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁའི་དབར་རྒྱལ་ཁབ་གཞན་དང་མི་འདྲ་བའི་དཔལ་འབྱོར་དང་རིག་གནས་འབྲེལ་བ་བཙུགས་ཡོད་པར་བརྟེན་གླིང་ཆེན་ཨ་ཧྥེ་རི་ཁར་རྒྱ་གར་གྱི་ཡིད་དབང་འགུག་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།