མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཕུའུ་ཀྲོའུ་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་ཀྲུང་དབྱང་དང་། ས་གནས། ཕྱིར་སྡོད་གཞུང་ཚབ་དོན་གཅོད་ཁང་། ཁེ་ལས་བཅས “ཕྱོགས་བཞི་གཞི་གཅིག་ཏུ་འགྱུར་བའི ”ས་མཚམས་ཕྱི་རོལ་གྱི་སྤྱི་དམངས་དང་སྒྲིག་གཞིའི་བདེ་འཇགས་སྲུང་སྐྱོང་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་དེ་ནི་གསར་འགོད་པར་གོང་ཚེས་ཉིན་ཕུའུ་ཀྲོའུ་རུ་འཚོགས་པའི་ས་མཚམས་ཕྱི་རོལ་གྱི་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞིའི་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ཞིག་རེད། ཕྱི་འབྲེལ་པུའུ་དང་དེ་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་གཞུང་ཁོངས་དང་དམངས་གཉེར་ཁེ་ལས་ཁག་གཅིག་གི་འཐུས་མི་ཚོགས་འདུར་ཞུགས་པ་དང་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་དྲུང་ཡིག་ཆེ་མོ་བ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་སུང་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2004ལོར་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བཙུགས་ཚུན་འཚོལ་ཞིབ་དང་ལག་ལེན་ཟམ་མི་ཆད་པར་བྱས་པ་བརྒྱུད་རང་རྒྱལ་གྱིས་ཀྲུང་དབྱང་དང་། ས་གནས། ཕྱིར་སྡོད་གཞུང་ཚབ་དོན་གཅོད་ཁང་། ཁེ་ལས་བཅས “ཕྱོགས་བཞི་གཞི་གཅིག་ཏུ་འགྱུར་བའི ”ས་མཚམས་ཕྱི་རོལ་གྱི་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི་མཉམ་འགུལ་ལམ་སྲོལ་གཞི་རྩའི་ཐོག་བཙུགས་པ་དང་ཕྱི་རྒྱལ་དུ་ཉེན་ཁ་ཡོད་མེད་དུས་བཀག་ལྟར་དཔྱད་དཔོག་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པས་ས་མཚམས་ཕྱི་རོལ་གྱི་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞིའི་བདེ་འཇགས་སྲུང་སྐྱོང་ལས་དོན་ཐད་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། 2008ལོ་ཚུན་ཀྲུང་གོ་སྲིད་གཞུང་གིས་ཐེ་ལན་དུ་ལུས་པའི་རང་རྒྱལ་གྱི་ཡུལ་སྐོར་བ་ཚུར་བསུ་བ་དང་། ཅིའར་ཅི་སི་ཐན་ནས་རང་རྒྱལ་གྱི་ཕྱིར་སྡོད་རང་མི་ཕྱིར་འཐེན་བྱེད་པ། ཨེ་ཅེབ་ཏུ་ལུས་པའི་རང་རྒྱལ་གྱི་སྤྱི་དམངས་ཚུར་བསུ་བ། ལི་པི་ཡར་ཡོད་པའི་རང་རྒྱལ་གྱི་མི་སྣ་ཕྱིར་འཐེན་བྱེད་པ། རི་པིན་གྱི་གེགས་ཁུལ་དུ་ཡོད་པའི་རང་རྒྱལ་གྱི་མི་སྣ་ཕྱིར་འཐེན་བྱེད་པར་གཞོགས་འདེགས་བྱེད་པ་བཅས་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ་མ་ཟད། བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཀྲུང་གོའི་སྤྱི་དམངས་བསྡོམས་ཁྲི་5ལྷག་ཙམ་ཕྱིར་འཐེན་བྱས་པ་དེའི་ནང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་སྤུན་ཟླ་དང་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་ཚུད་ཡོད་པ་རེད།