མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་5ཚེས་25ཉིན་ཁྱབ་བསྒྲགས་བྱས་པའི 《2011ལོའི་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་དང་རྒྱང་ལྟ 》ཞེས་པའི་ལོ་འཁོར་གྱི་སྙན་ཞུར་གཞིགས་ན། འཛམ་གླིང་གི་དཔལ་འབྱོར་ནི་སྔར་བཞིན་སླར་གསོའི་དུས་མཚམས་སུ་གནས་མོད། འོན་ཀྱང་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོའི་གནས་ཚུལ་དོ་སྙོམས་མེད་པ་རེད། ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་མུ་མཐུད་དང་། རྒྱུན་བསྲིང་། ཤུགས་དང་ལྡན་པ་བཅས་ཀྱི་སྒོ་ནས་འཕར་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྣེ་ཁྲིད་བྱེད་མཁན་གྱི་སྒུལ་ཤུགས་སུ་གྱུར་ཡོད། 2011ལོ་ནས་2012ལོ་བར་གོ་ལ་ཧྲིལ་པོའི་རྒྱལ་ནང་ཐོན་རྫས་རིན་ཐང་བསྡོམས་འབོར་3.3%དང་3.6%སོ་སོར་འཕར་བ་དེ་ལོ་འགོའི་སྔོན་དཔག་ལས་མཐོ་ཙམ་ཡོད་པ་རེད།
སྙན་ཞུའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དཔལ་འབྱོར་དངོས་ཚན་དུ་བསྒྱུར་བ་དག་གིས་ཉམས་ཉེན་དུས་རབས་རྗེས་ཀྱི་གོ་ལའི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨེ་ཤེ་ཡ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་ལྷག་པར་དུ་ཀྲུང་གོ་དང་། རྒྱ་གར། པར་ཙིར་བཅས་ཀྱིས་གོ་ལའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་མུ་མཐུད་སྣེ་ཁྲིད་ཐུབ་ཡོད་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྤྱི་པའི་བུ་ལོན་ཆུ་ཚད་ཀྱི་རྒྱུན་མཐུད་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་ཆེད་ནོར་སྲིད་སྲིད་ཇུས་དམ་འཕྲི་བྱས་པ་དེས་དུས་ཐུང་ནང་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་ཉམས་ཞན་དུ་འགྲོ་སྲིད་ཅེས་བསྟན་ཡོད་པ་རེད།