ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཉེ་ཆར་བྱང་ཆིངས་ཀྱིས་ལི་པི་ཡར་རེས་སྐོར་གསར་པའི་མཁའ་ཐོག་འཇབ་རྒོལ་བྱས་པའི་ཐད་གསལ་བསྒྲགས་སྤེལ་ནས་ཕྱོགས་ཁག་གིས་བྱེད་ཐབས་དངོས་སྤྱད་དེ་ལི་པི་ཡའི་མི་སེར་ལ་དམག་འཁྲུག་གི་ཉེན་ཁ་མི་འཕྲད་པ་བྱ་རྒྱུ་སླར་ཡང་རེ་འབོད་བྱས་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཆིངས་ཀྱི་དམག་གྲུས་ཚེས་23ཉིན་གྱི་མཚན་མོ་དང་ཚེས་24ཉིན་གྱི་ཐོ་རེངས་ལི་པི་ཡའི་རྒྱལ་ས་ཐོ་རི་ཕོ་ལི་དང་དེའི་མཐའ་འཁོར་ས་ཁུལ་དུ་འབར་མདེལ་དབྱུག་པའི་མཁའ་ཐོག་འཇབ་རྒོལ་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་བྱས་པས་མི་སེར་ཁྱོན་19ཤི་བ་དང་མི་130ལྷག་ཙམ་ལ་རྨས་སྐྱོན་ཕོག་པ་རེད། ལི་པི་ཡའི་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ས · དབྱི་པུ་ལ་ཤིན་གྱིས་དེ་ནི་བྱང་ཆིངས་ཀྱིས་ཟླ་3ཚེས་19ཉིན་ནས་བཟུང་ལི་པི་ཡར་དམག་དོན་རྡུང་རྡེག་བཏང་ཚུན་གྱི་མཁའ་ཐོག་འཇབ་རྒོལ་བྱེད་ཤུགས་ཆེ་ཤོས་ཤིག་རེད། མི་སྣ་ཤི་རྨས་བྱུང་བ་ཕུད་ད་དུང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད་ཅེས་གསུངས་པ་རེད།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། ཁྲིམས་སྐྱོང་བཅས་ཀྱི་གནད་དོན་གྱི་འགན་འཁུར་མཁན་དབང་ཆ་ཆ་ཚང་ཡོད་པའི་འཐུས་མི་ཏུའོར་ཀེ་ཕུའུ་ཡིས་གསལ་བསྒྲགས་སྤེལ་ནས་མཁའ་ཐོག་འཇབ་རྒོལ་གྱི་བྱེད་སྤྱོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་1970པ་དང་ཨང་1973པ་དང་སླར་ཡང་མངོན་སུམ་འཛེམ་མེད་ངང་རྒྱབ་འགལ་བྱས་ཡོད། ཨུ་རུ་སུ་ཕྱོགས་ནས་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལི་པི་ཡའི་མི་སེར་ལ་དམག་འཁྲུག་གི་ཉེན་ཁ་མི་འཕྲད་པ་བྱེད་པ་ལས་ཕྱི་ཚུལ་ནས་གསལ་བསྒྲགས་སྤེལ་བ་ཙམ་མིན་པའི་རེ་འབོད་དྲག་པོ་སླར་ཡང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཏུའོར་ཀེ་ཕུའུ་ཡིས “ཕྱོགས་ཁག་གིས་འཕྲལ་མར་དམག་དོན་བྱ་སྤྱོད་མཚམས་བཞག་ནས་ཆབ་སྲིད་ཀྱི་ཐོག་ནས་འདུམ་འགྲིག་དང་མི་རིགས་འཆམ་མཐུན་ཡོང་ཆེད་ཆ་རྐྱེན་བསྐྲུན་ཚེ་གཞི་ནས་ལི་པི་ཡའི་དུས་བབ་རྒྱུན་ལྡན་སླར་གསོ་བྱེད་ཐུབ་པ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་དབང་སྤྲད་པའི་ལས་འགན་ལེགས་གྲུབ་ཐུབ་རྒྱུ་ཡིན་པ་ཨུ་རུ་སུ་ཕྱོགས་ཀྱིས་སྔར་བཞིན་ཡིད་ཆེས་བྱེད་ཀྱི་ཡོད ”ཅེས་ནན་བཤད་གནང་བ་རེད།