ཤིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་གློག་འཕྲིན་འབྱོར་གསལ། དབྱི་རན་གསར་འགྱུར་བཪྙན་འཕྲིན་ལས་ཁུངས་ཀྱིས་ཚེས་18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་ཕྱི་འབྲེལ་དཔོན་ས་ལི་ཤིས་ཉིན་དེར་ཐེ་ཧེ་རན་དུ་དབྱི་རན་གྱི་ཉིང་རྡུལ་གློག་ཁང་དང་པོ་སྟེ། པུའུ་ཧྲེའར་ཉིང་རྡུལ་གློག་ཁང་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
དབྱི་རན་གསར་འགྱུར་བཪྙན་འཕྲིན་ལས་ཁུངས་ཀྱིས་ས་ལི་ཤིའི་སྐད་ཆ་ལུང་དྲངས་ནས “ང་ཚོས་སྔོན་ལ་ཁྱབ་བསྒྲགས་བྱས་པ་ལྟར་པུའུ་ཧྲེའར་ཉིང་རྡུལ་གློག་ཁང་དེ་ཉིང་རྡུལ་འགྱུར་མཚམས་སུ་སླེབས་པ་མ་ཟད་སྤྱོད་འགོ་བཙུགས་པ་ལམ་ལྷོངས་བྱུང་ཡོད་པའི ”གནས་ཚུལ་སྤེལ་ཡོད།
ས་ལི་ཤིས་ཉིང་རྡུལ་གས་འགྱུར་སྒྲིག་ཆས་ཀྱི་འགྱུར་མཚམས་སུ་ཟླ་བ་གཉིས་འགོར་རྒྱུ་ཡིན་པས་ཚོད་དཔག་བྱས་ན་མ་འོངས་ཟླ་བ་གཉིས་ནང་ཉིང་རྡུལ་གློག་ཁང་གི་གློག་གཏོང་ནུས་དེ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་ཀྱི་40%ཙམ་ཟིན་ཐུབ་རྒྱུ་ཡིན་པ་དང་ཉིང་རྡུལ་འགྱུར་མཚམས་སུ་གནས་པ་དེ་ཉིང་རྡུལ་གས་འགྱུར་སྒྲིག་ཆས་དངོས་སུ་སྤྱོད་པའི་གོམ་པ་གལ་ཆེན་ཞིག་རེད་ཅེས་བཤད་ཡོད།