ཤིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་དབྱི་རན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའེ་ཧོ་མའེ་ཕ་ལ་སི་ཐེས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་2009ལོའི་ཟླ་7པར་དབྱི་རན་དང་དབྱི་རག་གི་ས་འབྲེལ་ཁུལ་དུ་དབྱི་རན་གྱིས་བཀག་ཉར་བྱས་པའི་ཨ་རི་བ་གསུམ་པོ་ནི “རྐང་བགྲོད་ཡུལ་སྐོར་བ ”གཏན་ནས་མ་རེད་ཅེས་བཤད་པ་རེད།
ཟླ་གཉིས་པའི་ཟླ་འགོར་དབྱི་རན་གྱི་ཁྲིམས་རས་གསང་མྱུལ་གྱི་བྱེད་སྤྱོད་སྐྱོན་འཛུགས་བྱས་པའི་ཨ་རི་བ་གསུམ་པོར་འདྲི་གཅོད་བྱེད་འགོ་ཚུགས་པ་དང་དེའི་ནང་གི་བུད་མེད་འབའ་ཞིག་ཡིན་པའི་ཧྲ་ལ ·ཧྲུར་ཏེ་ན་ནིང་ཟླ་9པར་ཁག་ཐེག་བཙུགས་ཏེ་བཙོན་ནས་གློད་པར་བརྟེན་འདྲི་གཅོད་ནང་ཞུགས་མེད་པ་རེད། ཟླ་3པའི་ཟླ་དཀྱིལ་དུ་དབྱི་རན་དབང་འཛིན་ལས་ཁུངས་ཀྱིས་ཟླ་5ཚེས་11ཉིན་མུ་མཐུད་ཨ་རི་བ་གསུམ་པོར་འདྲི་གཅོད་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཀྱང་དབྱི་རན་ཕྱོགས་ཀྱིས་ད་བར་ཁྲིམས་ར་བཙུགས་ནས་གྱོད་གཞི་དེར་འདྲི་གཅོད་བྱས་མེད་ལ་དེའི་ཐད་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།
ཨ་རི་བ་ཧྲ་ལ ·ཧྲུར་ཏེ་དང་། ཧྲ་ཨེན ·པོར། ཆའོ་ཤིས ·ཕ་ཐ་ལེ་བཅས་གསུམ་2009ལོའི་ཟླ་7པར་དབྱི་རག་བྱང་རྒྱུད་ཀྱི་ཁུར་ཏེ་རང་སྐྱོང་ལྗོངས་ནས་དབྱི་རན་དུ་འཛུལ་རྗེས་འཛིན་བཟུང་བྱས་པ་རེད།
ན་ནིང་ཟླ་9ཚེས་14ཉིན་ཧྲ་ལ ·ཧྲུར་ཏེ་ཁག་ཐེག་དངུལ་ཨ་སྒོར་ཁྲི་50སྤྲད་རྗེས་དབྱི་རན་ཐེ་ཧེ་རན་གྲོང་ཁྱེར་གྱི་ཞིབ་དཔྱོད་དཔོན་ཅ་ཕ་ལི -ཏེ་ལ་ཐ་པ་ཏེས་ཁོང་གློད་བཀྲོལ་གཏོང་རྒྱུའི་བཀའ་བཏང་བ་དང་འོན་ཏེ་ཁོང་དང་དུས་གཅིག་ཏུ་བཀག་ཉར་བྱས་པའི་ཨ་རི་བ་གཉིས་པོ་སྔར་བཞིན་བཀག་སྐྱིལ་བྱས་ཡོད། དེ་རྗེས་ཧྲ་ལ ·ཧྲུར་ཏེ་འཕྲལ་དུ་ཨ་རིར་ཕྱིར་ལོག་བྱས་པ་རེད།