ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་མོ་སི་ཁོར་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་འཆར་འགོད་བཟོས་ནས་ལི་པི་ཡའི་ཁྲག་དོན་གདོང་ཐུག་གང་མགྱོགས་མཇུག་སྒྲིལ་རྒྱུའི་རེ་འབོད་གནང་བ་རེད།
ལ་ཕུའུ་ལུའོ་ཕུའུ་ཡིས་དེ་ཉིན་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་ཚེས་25ཉིན་འཚོག་རྒྱུའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཛ་དྲག་གི་ཚོགས་འདུའི་ཐོག་ལི་པི་ཡའི་ཁྲག་དོན་གདོང་ཐུག་བཀག་འགོག་བྱེད་པའི་འཆར་གཞི་བཟོ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཤིང་། ཁོང་གིས་ལི་པི་ཡའི་ད་ལྟའི་སྲིད་དབང་འཛིན་མཁན་དང་། ངོ་རྒོལ་ཤོག་ཁག་གི་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལི་པི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཧ་ཐི་པུ་སོགས་ཚོགས་འདུར་ཞུགས་རྒྱུ་ཡིན་པ་མ་ཟད། ལི་པི་ཡའི་གནད་དོན་ཐག་གཅོད་བྱ་རྒྱུའི “ཐབས་ལམ ”ལ་གྲོས་བསྡུར་གནང་རྒྱུ་རེད་ཅེས་གསུངས་པ་རེད།
ཚེས་23ཉིན་ལ་ཕུའུ་ལུའོ་ཕུའུ་ཡིས་ལི་པི་ཡ་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ཀྱིས་ད་ལྟའི་སྲིད་དབང་འཛིན་མཁན་དང་དམག་རྒྱག་མཚམས་གང་མགྱོགས་འཇོག་དགོས་པ་མ་ཟད་གྲོས་མོལ་བྱ་རྒྱུའི་རེ་འབོད་གནང་ཡང་ལི་པི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་འཐུས་མིས་དེ་ཉིན་ལི་པི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཤོག་ཁག་གིས་ཁ་ཀྲ་ཕེའི་སྲིད་དབང་དང་དམག་རྒྱག་མཚམས་འཇོག་རྒྱུའི་གནད་དོན་ཐད་གྲོས་མོལ་བྱེད་མི་སྲིད་ཅེས་བཤད་པ་རེད།
ལ་ཕུའུ་ལུའོ་ཕུའུ་ཡིས་འདི་ཟླའི་ཚེས་17ཉིན་ཨུ་རུ་སུས་ལི་པི་ཡའི་ད་ལྟའི་སྲིད་དབང་འཛིན་མཁན་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་དབར་གྱི “བར་འདུམ་པ ”བྱེད་རྩིས་མེད་མོད། འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་བར་འདུམ་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།