མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དབུན་ཅ་པའོ་ཡིས་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པ་རེད། ཚེས་23ཉིན་རི་པིན་གྱི་ཚགས་པར་གཙོ་གྲས་ཚང་མའི་པར་ངོས་དང་པོའི་མངོན་གསལ་དོད་ཤོས་སུ་ཐེངས་འདིའི་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུའི་གནས་ཚུལ་བཀོད་པ་དང་ཚོགས་འདུའི་ཐོག་ཐོབ་པའི་གྲུབ་འབྲས་མང་པོ་ཞིག་ལ་གདེང་འཇོག་ཡག་པོ་བྱས་ཡོད་པ་རེད།
《ཏུང་ཅིང་གསར་འགྱུར 》ཐོག 《ཁྱིམ་མཚེས་ཀྱི་རོགས་སྐྱོར་སྒྲུལ་ཤུགས་སུ་བྱེད་པ 》ཞེས་པའི་ཆེད་བརྗོད་ཅིག་སྤེལ་ཡོད་ཅིང་། ཆེད་བརྗོད་དེའི་ནང “རི་པིན་དུ་ས་ཡོམ་དྲག་པོ་བརྒྱབ་རྗེས་ཀྲུང་གོ་དང་ཧན་གོས་རོགས་སྐྱོབ་ཤུགས་ཆེན་བྱས་ཡོད། རི་པིན་ལ་ཞལ་འདེབས་དང་སེམས་གསོའི་འཕྲིན་ཡིག་མང་པོ་འབྱོར་ཡོད། རྒྱལ་ཁབ་གསུམ་པོས་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་ཀྱི་ཉམས་མྱོང་དང་བསླབ་བྱ་ཐུན་མོང་ཐོག་དང་ལེན་བྱས་ནས་མཉམ་ལས་ཀྱི་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུའི་རེ་བ་ཡོད ”ཅེས་དང “ཀྲུང་གོས་རི་པིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་དེར ‘ཆུ་བོ་གཅིག་གིས་བཅད་པ ’ཞེས་དང་ཧན་གོས་རི་པིན་དང་ཧན་གོ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་དེར ‘ཁྱིམ་གཞིས་སྤོ་མི་ཐུབ་པའི་གྲོང་པ ’ཞེས་བརྗོད་ནས་རི་པིན་ལ་གདེང་འཇོག་གང་ལེགས་བྱ་རྒྱུ་ཡིན་པ་རེད། རྒྱལ་དམངས་ཀྱི་བརྩེ་སེམས་དེ་འདྲ་ཞིག་ཡོད་པར་བརྟེན་ང་ཚོར་དངོས་པོ་དང་བསམ་པ་ཕྱོགས་གཉིས་ཀྱི་རོགས་སྐྱོབ་ཐོབ་ཡོད། དཔལ་འབྱོར་དང་རིག་གནས་སྤེལ་རེས་ཕུད་ད་ལྟ་ད་དུང་གནོད་འཚེར་དོ་དམ་དང་གེགས་འགོག་མཉམ་ལས་དང་ཉིང་རྡུལ་ནུས་པའི་བདེ་འཇགས་སོགས་རྒྱལ་ཁོངས་ལས་བརྒལ་བའི་ཞིབ་འཇུག་བྱ་གཞི་ཞིག་མང་དུ་སོང་ཡོད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་རོགས་སྐྱོབ་བེད་སྤྱོད་གང་ལེགས་བྱས་ཏེ་ཕན་ཚུན་ཡིད་ཆེས་བློ་གཏད་བྱེད་ཤུགས་ཆེ་རུ་བཏང་ནས་ད་ལྟ་འཕྲད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད ”ཅེས་འཁོད་ཡོད་པ་རེད།
《ཉི་གཞོན་གསར་འགྱུར 》ཐོག 《ས་ཡོམ་གྱི་གནོད་འཚེའི་ནང་ཆགས་པའི་འབྲེལ་ཐག་དེ་རྨང་གཞིར་བྱེད་པ 》ཞེས་པའི་ཆེད་བརྗོད་ཅིག་སྤེལ་བའི་ནང “རི་པིན་དུ་ས་ཡོམ་དྲག་པོ་བརྒྱབ་རྗེས་མི་རྣམས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་ཐག་དེ་རྨང་གཞིར་བྱས་ན་གཡུར་དུ་ཟ་བའི་མཉམ་ལས་ཀྱི་གྲུབ་འབྲས་ཤིག་ཐོབ་རྒྱུ་ཡིན་པར་སླར་ཡང་དོ་སྣང་བྱུང་ཡོད། ཏུང་ཅིང་དུ་འཚོགས་པའི་རི་པིན་དང་། ཀྲུང་གོ ཧན་གོ་བཅས་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུའི་ཐོག་གོང་གསལ་གི་བསམ་ཚུལ་དེ་གཏིང་ཟབ་ཏུ་སོང་ཡོད ”ཅེས་དང་། “མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་ཡིན་པའི་ཉིང་རྡུལ་བདེ་འཇགས་ཐད་ཀྱི་ཁ་གཏད་འཇལ་ཐབས་དེ་གལ་འགངས་ཤིན་ཏུ་ཆེ། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་པོས་གློག་ཤུགས་ནང་ཉིང་རྡུལ་གྱིས་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་རྩིས་ཡོད། ཕུའུ་ཏའོ་ཡི་ཉིང་རྡུལ་དོན་རྐྱེན་གྱི་བསླབ་བྱ་ཐུན་མོང་ཐོག་དང་ལེན་བྱས་ཏེ་བདེ་འཇགས་ཐད་ཀྱི་ཁ་གཏད་འཇལ་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དུས་མཚུངས་སུ་ཕན་ཚུན་བརྡ་ཁྱབ་མ་ལག་འཛུགས་པའི་དགོས་པའང་ཆེ ”ཅེས་དང་། “གེགས་བར་བྱུང་རྗེས་རི་པིན་བསྐྱར་སྐྲུན་བྱ་རྒྱུར་ཨེ་ཤེ་ཡའི་རྒྱབ་སྐྱོར་དགོས་པ་དང་རི་པིན་དང་། ཀྲུང་གོ ཧན་གོ་བཅས་གསུམ་གྱི་མཉམ་ལས་འབྲེལ་བ་ནི་རྨང་གཞི་ཞིག་རེད ”ཅེས་འཁོད་ཡོད་པ་རེད།