དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨུ་རུ་སུ་དང་ཨོ་སི་ཁྲུ་རི་ཡ་གཉིས་ཀྱི་ཙུང་ཐུང་གིས་ལི་པི་ཡའི་ཉམས་ཉེན་ཞི་བའི་ངང་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་ཙུང་ཐུང་མེ་ཏེ་ཝུའེ་ཅེ་ཕུའུ་དང་ཨུ་རུ་སུར་འཚམས་དྲིར་ཕེབས་པའི་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཕེ་ཧྲེའར་གྱིས་མོ་སི་ཁོར་ཞི་བའི་བྱེད་ཐབས་ལ་བརྟེན་ནས་ལི་པི་ཡའི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

        མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་གོང་ཚེས་ཉིན་མོ་སི་ཁོར་ཕེ་ཧྲེའར་དང་མཇལ་འཛོམས་གནང་བ་དང་། དེ་རྗེས་ཀྱི་མཉམ་འབྲེལ་ཐོག་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག་ཁོང་གིས་ཁོང་གཉིས་པོས་ལི་པི་ཡ་དང་དབུས་ཤར་ས་ཁུལ་གྱི་དུས་བབ་དང་དེ་བཞིན་དབུས་ཤར་ས་ཁུལ་གྱི་གནད་དོན་གྱི་རྒྱལ་སྤྱིའི་ཚོགས་འདུ་འཚོག་སྲིད་པའི་ཐད་གྲོས་བསྡུར་བྱས་པ་ཡིན་ཞེས་བཤད་པ་རེད།

        མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཞི་བའི་བྱེད་ཐབས་ལ་བརྟེན་ཚེ་གཞི་ནས་ལི་པི་ཡའི་ཉམས་ཉེན་ཐག་གཅོད་ཐུབ་པ་མ་ཟད་མིག་སྔར་ལི་པི་ཡའི་དུས་བབ་ཡག་ཏུ་འགྲོ་རྒྱུའི་ཞི་བའི་བྱེད་ཐབས་སྔར་བཞིན་གནས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་གདོང་ཐུག་ཕྱོགས་ཁག་གིས་དྲག་ཤུགས་སྤྱོད་རྒྱུ་འདོར་དགོས་པའི་རེ་འབོད་གནང་བ་རེད།

        ཕེ་ཧྲེའར་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་1973པར་གྲོས་འཆམ་བྱས་པ་དེ་ནི་ཡང་དག་པའི་བྱེད་ཐབས་ཤིག་ཡིན་མོད། འོན་ཀྱང་གྲོས་ཆོད་ལག་བསྟར་བྱེད་སྐབས་ངེས་པར་དུ་གྲོས་ཆོད་ཀྱི་ནང་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་གྲོས་ཆོད་དེར་གྲོས་འཆམ་བྱུང་བའི་དམིགས་ཡུལ་གཙོ་བོ་ནི་མི་སེར་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པའི་ངོས་འཛིན་གནང་བ་དང་། ཁོང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་ཚད་གཞི་ནི་གྲོས་མོལ་ལ་བརྟེན་ནས་གདོང་ཐུག་ཐག་གཅོད་བྱ་རྒྱུ་དེ་ཡིན་པ་དང་ཧ་ཅང་ཛ་དྲག་ཆེ་བའི་གནས་ཚུལ་འོག་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་ཐོབ་ཚེ་གཞི་ནས་མཚོན་ཆ་བེད་སྤྱོད་བྱེད་ཆོག་གི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།