དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིའི་ཡུལ་སྐོར་ལས་རིགས་ལ“ལོ་བཅུ་ཤོར་བའི”གནས་ཚུལ་འཕྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        སྐབས་བཅུ་གཅིག་པའི་འཛམ་གླིང་ཡུལ་སྐོར་དང་ཡུལ་སྐོར་སྤྲོ་འཆམ་གྱི་དབུ་ཚོགས་དེ་ཟླ་5 ཚེས་ 17 ཉིན་ནས་ཚེས་19 ཉིན་བར་ཨ་རིའི་ལ་སི་ཝུའེ་ཅ་སིར་འཚོག་རྒྱུ་ཡིན་པ་དང་སྐབས་དེར་འཛམ་གླིང་ས་གནས་ཁག་གི་སྐུ་ཚབ་ཆིག་སྟོང་ཡན་ཚོགས་འདུ་དེར་ཞུགས་རྒྱུ་ཡིན་པ་རེད། བཀོད་སྒྲིག་བྱས་པའི་གྲོས་གཞིའི་ཐོག་ནས་ཨ་རིར་ད་ལྟ་ལག་ལེན་བསྟར་བཞིན་པའི་འཐུས་མཆན་འགོད་པའི་སྲིད་ཇུས་དེ་ལས་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་གློ་བུར་དུ་མིག་ལམ་དུ་འཆར་ཞིང་། ཨ་རིའི་ཡུལ་སྐོར་སྤྲོ་འཆམ་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་མ་ཐག་པའི་སྙན་ཞུ་ཞིག་གི་ནང་ཨ་རིས་དམ་ཞིང་ནན་པའི་འཐུས་མཆན་འགོད་པའི་སྲིད་ཇུས་ལག་ལེན་བསྟར་བའི་རྐྱེན་གྱིས་ཨ་རིའི་ཡུལ་སྐོར་ལས་རིགས་ལ “ལོ་བཅུ་ཤོར་བའི ”གནས་ཚུལ་འཕྲད་ཡོད་ཅེས་འཁོད་ཡོད་པ་རེད།

        “9·11”དོན་རྐྱེན་ཐོན་རྗེས་ཨ་རིས་སྔར་བས་དམ་ཞིང་ནན་པ་དང་། ཪྙོག་རྫོབ་ཆེ་བ། དུས་ཚོད་འགོར་བ་བཅས་ཀྱི་འཐུས་མཆན་འགོད་པའི་ལམ་ལུགས་ལག་བསྟར་བྱས་ཡོད་པ་རེད། ཀྲུང་གོ་དང་པར་ཙིར་ནི་ཨ་རིར་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་མཁན་ཡུལ་སྐོར་བ་མང་དུ་འགྲོ་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་མོད། འོན་ཀྱང་ཀྲུང་གོའི་ཡུལ་སྐོར་བས་ཨ་རིར་སྐྱོད་པའི་འཐུས་མཆན་འགོད་པའི་ལག་ཁྱེར་གཉེར་བར་དུས་ཚོད་ཉིན་120 འགོར་བ་དང་པར་ཙིར་གྱི་ཡུལ་སྐོར་བར་ཉིན་145 འགོར་གྱི་ཡོད་པ་རེད།

        ལོ་བཅུའི་རིང་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ཁྲོམ་ར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཡིན་ནའང་ཨ་རིས་ད་ལྟ་ལག་ལེན་བསྟར་བཞིན་པའི་འཐུས་མཆན་འགོད་པའི་ལམ་ལུགས་དེ་མཐོང་སྐབས་ཡུལ་སྐོར་བ་ཁྲི་བརྒྱ་ཕྲག་གིས་ཕྱིར་བཤོལ་བྱེད་ཀྱི་ཡོད་ལ་དེའི་དབང་གིས་ཨ་རིའི་རྒྱལ་སྤྱིའི་ཡུལ་སྐོར་ལས་རིགས་འདི་ཉིད་ཀྱང་འགྲན་རྩོད་ནང་ཕན་པ་མེད་པའི་གནས་སུ་གྱར་ཡོད་པ་རེད། 2000 ལོ་ནས་ 2010 ལོ་བར་འཛམ་གླིང་ཡོངས་ཀྱི་ཐག་རིང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་ཁྲོམ་རའི་མི་གྲངས་ཁྲི་6100 མང་དུ་སོང་ནའང་ཨ་རིར་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་མཁན་རྒྱལ་སྤྱིའི་ཡུལ་སྐོར་བའི་མི་གྲངས་མང་དུ་སོང་མེད། 1999 ལོ་ནས་2009ལོ་བར་འཛམ་གླིང་ཡོངས་ཀྱི་ཐག་རིང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་ཁྲོམ་རའི་ནང་ཨ་རིས་བཟུང་བའི་སྐར་གྲངས་དེ་18% ནས་12%བར་ཆག་ཡོད། ལོ་བཅུ་པོ་དེའི་རིང་ཨ་རིས་ཡུལ་སྐོར་བ་ཁྲི་7800 ལ་སྣེ་ལེན་ཞུ་བའི་གོ་སྐབས་ཤོར་ནས་ཐད་ཀ་དང་ཡུལ་སྐོར་འཛད་སྤྱོད་ཡོང་འབབ་ཨ་སྒོར་དུང་ཕྱུར་6060 ཙམ་ཉུང་དུ་སོང་ཞིང་། ཡོང་འབབ་དེས་ཨ་རིས་ལོ་ལྟར་མི་ཁྲི་46.7 གྱི་ལས་ཞུགས་ལས་གནས་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་ཡོད་པ་རེད།

        ཨ་རིའི་ཡུལ་སྐོར་སྤྲོ་འཆམ་མཐུན་ཚོགས་ཀྱིས་ཟླ་ 5 ཚེས་12 ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་ནང་ཨ་རིར་ཡུལ་སྐོར་དུ་སྐྱོད་མཁན་མང་དུ་གཏོང་རྒྱུ་ནི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཐབས་ཤེས་ཡག་ཤོས་ཤིག་རེད་ཅེས་འཁོད་ཡོད་པ་རེད། ཨ་རིའི་ཙུང་ཐུང་ཨའོ་པ་མ་ཡིས་2015 ལོ་བར་ཨ་རིས་ཕྱིར་གཏོང་བྱེད་ཚད་ལྡབ་གཅིག་འཕར་བ་བྱ་རྒྱུ་དང་ཨ་རིར་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་རྒྱུར་བསྔགས་སྐུལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཞིང་། དེ་དམིགས་ཚད་མངོན་འགྱུར་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཏུ་གྱུར་ཡོད་པ་དཔེར་ན། ཨ་རིའི་བཟའ་བཏུང་ལས་རིགས་སུ་གླ་པ་ཁྲི་1300 ཡོད་པ་དེ་ཨ་རིའི་རྒྱལ་ཡོངས་ཀྱི་ངལ་རྩོལ་ནུས་པའི་དཔུང་ཆེན་ཁྲོད་དུ་10% ཙམ་ལས་བཟུང་གི་མེད། བཟའ་བཏུང་ལས་རིགས་ལ་ལོ་ལྟར་གཉེར་སྐྱོང་ཡོང་འབབ་ཨ་སྒོར་ཁྲི་100 འཕར་སྣོན་བྱུང་ན་ལས་ཞུགས་གོ་སྐབས་34མང་དུ་འགྲོ་རྒྱུ་ཡིན་པ་རེད། ཉིན་དེར་ཨ་རིའི་གསོལ་མགྲོན་ཁང་དང་བཟའ་བཏུང་ལས་རིགས་སོགས་ཀྱིས “ཨ་རིའི་རོགས་ཟླ་འཚོལ་བ ”ཞེས་པའི་འཆར་གཞི་ཞིག་ཐུན་མོང་ཐོག་བཏོན་ཞིང་། དེའི་དམིགས་ཡུལ་ནི་ཨ་རི་འདི་ཉིད་འགྲན་རྩོད་ནུས་པ་སྔར་བས་ཆེན་པོ་ལྡན་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ཁྲོམ་ར་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད། དེ་དང་ཕྱོགས་མཚུངས་སུ་ཨ་རིའི་འཐུས་མཆན་འགོད་པའི་སྲིད་ཇུས་ལེགས་སུ་གཏོང་རྒྱུའི་གྲོས་འགོ་བཏོན་ཞིང་། དེར་བརྟེན་ནས་2020 ལོ་བར་ཨ་རིར་ལས་ཞུགས་གོ་སྐབས་ཁྲི་130 གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཨ་རིར་ཡོང་འབབ་ཨ་སྒོར་དུང་ཕྱུར་ 8590 འཕར་སྣོན་ཡོང་བ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།