ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་མཁའ་དབྱིངས་ཆེ་མོ་ཞེས་པ་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས (APEC)ཀྱི་2011ལོའི་མཐོ་རིམ་དཔོན་གྱི་ཚོགས་འདུ་ཐེངས་གཉིས་པ་དེ་ཚེས་18ཉིན་ཨ་རིའི་མོང་ཏ་ན་ཀྲོའུ་ཡི་གྲགས་ཅན་སྤྲོ་གསེང་གནས་མཆོག་མཁའ་དབྱིངས་ཆེ་མོ་ཞེས་པར་འཚོག་འགོ་ཚུགས་ཤིང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་ན་ནིང་རི་པིན་གྱི་ཧེང་པིན་ཚོགས་འདུའི་ཐོག་ཐོབ་པའི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་མ་ཟད་ད་ལོའི་ཟླ་བ་11པར་ཨ་རིའི་ཤ་ཝུའེ་དབྱིར་འཚོག་རྒྱུའི་APECཡི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་19པའི་ཆེད་གྲ་སྒྲིག་ཡང་བྱ་རྒྱུ་དེ་རེད།
ད་རེས་ཀྱི་ཚོགས་འདུའི་དུས་ཡུན་ཉིན་བཞི་ཡིན་ཞིང་APECཡི་ཁོངས་མིའི་གཙོ་གཉེར་ཚོང་དོན་དང་། ཁེ་ལས་འབྲིང་ཆུང་ཁག་གི་པུའུ་ཀྲང་རིམ་པའི་དཔོན་རིགས། ཁེ་ལས་འབྲིང་ཆུང་གི་འཐུས་མི། འབྲེལ་ཡོད་མི་སྣ་བཅས་མཉམ་དུ་འཛོམས་ཏེ་གང་འདྲ་བྱས་ནས་ཁེ་ལས་འབྲིང་ཆུང་གི་གནས་བབ་མཐོ་རུ་གཏོང་རྒྱུ་དང་། གཉེར་སྐྱོང་ཁོར་ཡུག་ལེགས་སུ་གཏོང་རྒྱུ། ཉོ་ཚོང་གི་མཁར་རྫོང་མེད་པ་བཟོ་རྒྱུ་སོགས་སྲོལ་རྒྱུན་གྱི་བརྗོད་དོན་ལ་གྲོས་བསྡུར་བྱ་རྒྱུ་རེད།
ཨ་རིས་ཨ་རིའི་ཚོང་དོན་པུའུ་ཀྲང་དང་ཙུང་ཐུང་ཨའོ་པ་མས་མིང་འདོན་བྱས་པའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོར་གསར་དུ་བསྐོ་གཞག་བྱས་པའི་ལུའོ་ཅ་ཧུའེ་ཡིས་ཚོགས་འདུའི་ཐོག་གཙོ་དོན་གསུང་བཤད་གནང་ཞིང་། ཁོང་གིས་གནོད་མེད་ལས་རིགས་ཀྱིས་སྣེ་ཁྲིད་བྱས་པའི་དཔལ་འབྱོར་འཕར་སྣོན་ནི་འཕར་སྣོན་ཡོང་སྟངས་གསར་རྐྱང་ཞིག་ཡིན་པས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་འཐབ་ཇུས་ནང་འཇོག་དགོས། ཁོངས་མི་ཁག་གིས་ཀྱང་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཆེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ་ཚན་རྩལ་གསར་གཏོད་དང་གནོད་མེད་ཐོན་ལས་འཕར་རྒྱུར་སྒུལ་ཤུགས་མཁོ་འདོན་བྱེད་བདེ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།
ཚེས་18ཉིན་གྱི་སྔ་དྲོ་APECདང་འཛམ་གླིང་དངུལ་ཁང་གི་འཐུས་མིས་བཟའ་བཅའི་བདེ་འཇགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་སྐུལ་མ་གཏོང་ཆེད་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་ཅིང་། ཕྱོགས་གཉིས་ཀས་མཉམ་ལས་བྱས་པ་བརྒྱུད་ཞིང་པ་དང་། བཟོ་གྲྭ བཟའ་བཅའི་བདེ་འཇགས་དཔོན་བཅས་ཀྱིས་སྔོན་འགོག་གི་བྱ་ཐབས་སྤྱོད་རྒྱུར་སྐུལ་མ་བཏང་སྟེ་འཛད་སྤྱོད་པར་སྔར་ལས་བདེ་འཇགས་ལྡན་པའི་ཟས་རིགས་མཁོ་འདོན་བྱ་རྒྱུ་མ་ཟད་ཟས་རིགས་ཚོང་དོན་ཁྱབ་ཁོངས་ནང་ཐོན་པའི་བདེ་འཇགས་མེད་པའི་དོན་རྐྱེན་ཉུང་དུ་གཏོང་དགོས་པའི་རེ་བའང་བཏོན་གནང་ཡོད།
ཨ་རིའི་དཔོན་རིགས་ཀྱིས་ད་ལོ་འཚོག་རྒྱུའི་APECཡི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་ཐོག་ས་ཁོངས་ཚོང་དོན་དང་། མ་འཇོག་དང་། གནོད་མེད་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད། དེ་བཞིན་ལྟ་སྐུལ་དོ་དམ་མཉམ་ལས་དང་སྒྲིག་སྲོལ་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་སོགས་གཙོ་གནད་ཀྱི་གྲོས་དོན་ལ་དམིགས་ཏེ་གྲོས་བསྡུར་བྱ་རྒྱུ་རེད།
མཐོ་རིམ་དཔོན་གྱི་ཚོགས་འདུ་ཐེངས་གཉིས་པ་མཇུག་འགྲིལ་རྗེས་ད་དུང་ཨ་རི་ཕྱོགས་ཀྱིས་ཅིའུ་ཅིན་ཧྲན་དུ་མཐོ་རིམ་དཔོན་གྱི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་རེད།
APECརྩ་འཛུགས་ནི་1989ལོར་བཙུགས་པ་དང་ད་ལྟ་ཁྱོན་བསྡོམས་ཁོངས་མི་21ཡོད་པ་དང་དེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་ཤོས་དང་། རིམ་པ་མཐོ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཤིག་ཡིན་ཞིང་། ཀྲུང་གོ་1991ལོར་རྩ་འཛུགས་དེའི་ནང་ཞུགས་ཡོད། རྒྱལ་ནང་གི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་བསྲིང་ངང་ཆེ་རུ་སོང་བ་དང་ཆབས་ཅིག་APECཡི་ཚོགས་འདུའི་ཐོག་ཀྲུང་གོས་ཉིན་བཞིན་གལ་ཆེར་འགྲོ་བའི་ནུས་པ་འདོན་བཞིན་ཡོད།