ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཨུ་རུ་སུའི་ཙུང་ཐུང་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ངས་ཀྲུང་གོའི་འགོ་ཁྲིད་ཀྱིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་གནང་བར་མོས་མཐུན་ཡོད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དེ་མིག་སྔར་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ནས་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད་ཅེས་གསུངས་པ་རེད།
མོ་སི་ཁོའི་གྲོང་འདབས་སི་ཁོའར་ཁོ་ཝོ་རུ་འཚོགས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་གོང་གསལ་དེ་དག་གསུངས་ཤིང་། ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས་ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དེ་ཨུ་རུ་སུའི་དུས་ཐུང་གི་སྲིད་ཇུས་ཤིག་མ་ཡིན་པར་ཡུན་རིང་གི་སྲིད་ཇུས་ཤིག་ཡིན་ཞེས་གསུངས་པ་རེད།
མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་རོགས་ཟླ་ཡིན་པ་དང་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཕན་ཚུན་གཞོགས་འདེགས་བྱས་ཡོད། ཁོང་གིས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ནུས་རྒྱུ་དང་དེ་བཞིན་ཁྱབ་ཁོངས་གཞན་དག་ནང་མཉམ་ལས་བྱ་རྒྱུ་དེ་ཕྱོགས་གཉིས་ཀའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཚུད་པའི་མཉམ་ལས་ཀྱི་རྣམ་གྲངས་གསར་པ་འཚོལ་ཞིབ་བྱེད་དགོས་ཞེས་གསུངས་པ་རེད།