མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚོང་དོན་པུའུ་ཡིས་ཚེས་16ཉིན་2011ལོའི་སྤྱི་བསྒྲགས་ཡིག་ཨང་19པ་ཁྱབ་བསྒྲགས་བྱས་ནས་དེ་སྔོན་ཡོ་རོབ་མནའ་འབྲེལ་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཞོག་ཁོག་གི་སིང་ཕྱེའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བརྟག་ཞིབ་ལ་ཐོག་མའི་ཁྲུན་གཅོད་བྱེད་པ་ཁྱབ་བསྒྲགས་བྱས་པའི་ནང་ཧྥ་རན་སེའི་ལོའོ་ཀའེ་ཐེ་ཀུང་སིའི་རིན་བསྟུན་ཁ་གསབ་རྒྱག་ཚད་7.7%ཡིན་པ་དང་། ཧོ་ལན་གྱི་ཨའེ་ཝུའེ་པེ་ཀུང་སི་དང་འཇར་མན་གྱི་ཨའེ་ཝུའེ་པེའི་ཞོག་ཁོག་གི་སིང་ཕྱེའི་བཟོ་གྲྭའི་རིན་བསྟུན་ཁ་གསབ་རྒྱག་ཚད་11.19%ཡིན་པ། ཡོ་རོབ་མནའ་འབྲེལ་ཀུང་སི་གཞན་དག་གི་རིན་བསྟུན་ཁ་གསབ་རྒྱག་ཚད་དེ་11.19%ཡིན་པ་བཅས་རེད། དེ་ནི་ཡོ་རོབ་མནའ་འབྲེལ་གྱི་ནང་འདྲེན་ཐོན་རྫས་ལ་ཁ་གསབ་རྒྱག་རྒྱུར་ངོ་རྒོལ་བྱེད་པར་ཀྲུང་གོས་བརྟག་དཔྱད་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
གྱོད་གཞི་དེའི་བརྟག་དཔྱད་ཐོན་རྫས་ནི་ཞོག་ཁོག་གི་སིང་ཕྱེ་ཡིན་པ་དེར་ཞོག་ཁོག་གི་མ་བཅོས་སིང་ཕྱེ་དང་ཞོག་ཁོག་གི་སྤུས་དག་སིང་ཕྱེ་སོགས་ཀྱང་ཟེར་བ་དང་ཀྲུང་གོས་བཟའ་བཅའི་ལས་རིགས་ཐད་གཙོ་བོ་སྤྱོད་ཀྱི་ཡོད་པ་རེད། 2011ལོའི་ཟླ་5པའི་ཚེས་19ཉིན་ནས་བཟུང་ནང་འདྲེན་གཉེར་སྐྱོང་མཁན་གྱིས་ཡོ་རོབ་མནའ་འབྲེལ་ནས་ཐོན་སྐྱེད་བྱས་པའི་ཞོག་ཁོག་སིང་ཕྱེ་ནང་འདྲེན་བྱ་སྐབས་གྱོད་གཞི་དེའི་ཐོག་མའི་ཁྲུན་གཅོད་ནང་གཏན་འཁེལ་བྱས་པའི་ཀུང་སི་ཁག་གི་རིན་བསྟུན་ཁ་གསབ་རྒྱག་ཚད་ལྟར་འགག་སྒོར་གནས་སྐབས་ཀྱི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་ཁྲལ་དངུལ་གྱི་འགན་ལེན་དངུལ་མཁོ་སྤྲོད་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན་2010ལོའི་ཟླ་6ཚེས་30ཉིན་ཀྲུང་གོའི་སིང་ཕྱེ་བཟོ་ལས་མཐུན་ཚོགས་ཞོག་ཁོག་སིང་ཕྱེ་ཆེད་ལས་ཨུ་ལྷན་གྱིས་རྒྱལ་ནང་ཐོན་ལས་ཀྱི་ཚབ་ཞུས་ཏེ་ཚོང་དོན་པུའུ་ལ་གྱོད་གཞི་དེའི་འདུན་ཞུའི་ཡི་གེ་ཕུལ་པ་རེད། 2010ལོའི་ཟླ་8ཚེས་30ཉིན་ཚོང་དོན་པུས་གྱོད་ཁོངས་སུ་དངོས་སུ་བཅུག་ནས་ཁ་གསབ་ལ་ངོ་རྒོལ་བྱེད་པའི་གྱོད་གཞིར་བརྟག་དཔྱད་བྱས་པ་དང་གཞན་ཡང་ཚོང་དོན་པུའུ་ཡིས་2011ལོའི་ཟླ་4ཚེས་19ཉིན་ནས་བཟུང་ཡོ་རོབ་མནའ་འབྲེལ་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཞོག་ཁོག་སེང་ཕྱེར་ཕམ་ཚོང་རྒྱག་པར་རྒོལ་རྒྱུའི་དཔྱ་ཁྲལ་12.6%དང་56.7%བསྡུས་པ་རེད།