ཤིན་ཧྭ་གསར་འགྱུར་ཁང་དུ་ཕོང་དབྱང་ནས་ཟླ་5 ཚེས་15 ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་14 ཉིན་ཁྲའོ་ཞན་རྒྱལ་སྲུང་ཨུ་ལྷན་ཞིབ་བཤེར་ཚོགས་པའི “གནས་ཚུལ་ངོ་མ་ཡོངས་བསྒྲགས་བྱེད་པའི་ཡི་གེའི ”ནང་ཧན་གོ་ཕྱོགས་ཀྱིས “ཐེན་ཨན ”རྟགས་ཅན་གྱི་དོན་རྐྱེན་དང་། ཡན་ཕིང་གླིང་ཕྲན་དུ་མེ་སྒྱོགས་རྒྱག་པའི་དོན་རྐྱེན། ཧན་གོའི “ཞིང་ལས་མཐུན་ཚོགས ”ཀྱི་དངུལ་རྩའི་རྩིས་རྒྱག་འཕྲུལ་འཁོར་གྱི་དྲ་བར་སྐྱོན་བཏང་བའི་དོན་རྐྱེན་བཅས་བཟོས་པ་མ་ཟད་དེ་དག་ཁྲའོ་ཞན་དང་འབྲེལ་བ་ཡོད་ཅེས་བཤད་པའི་དམིགས་ཡུལ་ནི་ཁྲའོ་ཞན་དང་ཧན་གོ་ཁ་གཏད་དུ་ལངས་སུ་བཅུག་པ་དང་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་ཆེད་རེད་ཅེས་འཁོད་ཡོད་པ་རེད།
“གནས་ཚུལ་ངོ་མ་ཡོངས་བསྒྲགས་བྱེད་པའི་ཡི་གེ ”དེའི་ནང་ད་དུང་ཁྲའོ་ཞན་གྱིས་ཧན་གོ་ཕྱོགས་ལ “འགན་འཁྲི་འཁུར་དགོས་པ ”དང “དགོངས་དག་ཐུགས་བདེན་དངོས་འབྲེལ་ཞུ་དགོས་པའི ”བླང་བྱའང་བཏོན་ཡོད་པ་རེད།
དེ་ནི་ཁྲའོ་ཞན་རྒྱལ་སྲུང་ཨུ་ལྷན་ཞིབ་བཤེར་ཚོགས་པས་སྤེལ་བའི “གནས་ཚུལ་ངོ་མ་ཡོངས་བསྒྲགས་བྱེད་པའི་ཡི་གེ ”ཐེངས་གསུམ་པ་དེ་ཡིན་པ་དང་དེ་གོང་གི “གནས་ཚུལ་ངོ་མ་ཡོངས་བསྒྲགས་བྱེད་པའི་ཡི་གེ ”ཐེངས་དང་པོ་དང་གཉིས་པ་དེ་ནི་2010 ལོའི་ཟླ་11པ་དང་2011ལོའི་ཟླ་2 པར “ཐེན་ཨན ”རྟགས་ཅན་གྱི་དོན་རྐྱེན་དང་ཡན་ཕིང་གླིང་ཕྲན་དུ་མེ་སྒྱོགས་རྒྱག་པའི་དོན་རྐྱེན་ཐད་སྤེལ་བ་ཞིག་ཡིན་པ་རེད།
ཚེས་14 ཉིན་སྤེལ་བའི “གནས་ཚུལ་ངོ་མ་ཡོངས་བསྒྲགས་བྱེད་པའི་ཡི་གེའི ”ནང “ཐེན་ཨན ”རྟགས་ཅན་གྱི་དོན་རྐྱེན་དང་། ཡན་ཕིང་གླིང་ཕྲན་དུ་མེ་སྒྱོགས་རྒྱག་པའི་དོན་རྐྱེན། ཧན་གོའི “ཞིང་ལས་མཐུན་ཚོགས ”ཀྱི་དངུལ་རྩའི་རྩིས་རྒྱག་འཕྲུལ་འཁོར་གྱི་དྲ་བར་སྐྱོན་བཏང་བའི་དོན་རྐྱེན་བཅས་ཀྱི་ཐད་ཁྲའོ་ཞན་ཕྱོགས་ཀྱི་ལངས་ཕྱོགས་བསྐྱར་བཤད་བྱས་པ་སྟེ། “ཐེན་ཨན ”རྟགས་ཅན་གྱི་དོན་རྐྱེན་དེ་ནི “ཁྲའོ་ཞན་ཕྱོཌ་ཀྱིས་བཟོས་པའི ”ཤོད་སྟངས་དེ་རྫུས་མ་ཡིན་པ་དང་། ཡན་ཕིང་གླིང་ཕྲན་དུ་མེ་སྒྱོགས་རྒྱག་པའི་དོན་རྐྱེན་དེ་ནི་ཧན་གོ་ཕྱོགས་ཀྱིས་སྔོན་དུ་འཁྲུག་རྐྱེན་བསླངས་རྗེས་ཁྲའོ་ཞན་ཕྱོགས་ཀྱིས་གཞི་ནས་རྒོལ་ལན་སློག་པ་ཞིག་ཡིན་པ། ཧན་གོས་ཧན་གོའི “ཞིང་ལས་མཐུན་ཚོགས ”ཀྱི་དངུལ་རྩའི་རྩིས་རྒྱག་འཕྲུལ་འཁོར་གྱི་དྲ་བར་སྐྱོན་བཏང་བའི་ཉེས་པ་དེ་ཁྲའོ་ཞན་ལ་གཡོགས་པ་དེའི་དམིགས་ཡུལ་དང་བྱེད་སྟངས་དེ “ཐེན་ཨན ”རྟགས་ཅན་གྱི་དོན་རྐྱེན་དང་གཅིག་རྒྱུན་གཅིག་འཛིན་ཡིན་པ་དེ་རེད། “གནས་ཚུལ་ངོ་མ་ཡོངས་བསྒྲགས་བྱེད་པའི་ཡི་གེའི ”ནང་མིག་སྔར་ཧན་གོ་ཕྱོགས་ཀྱིས་རྒྱུན་འཁྱོངས་བྱེད་པའི “སྔོན་དུ་དགོངས་དག་ཐུགས་བདེན་ཞུ་བ་དང་རྗེས་སུ་སྐད་ཆ་ཤོད་རེས་བྱེད་པའི ”བླང་བྱ་དེའི་ངོ་བོ་ནི་ཁ་གཏད་དུ་ལངས་རྒྱུ་མཐའ་འཁྱོངས་བྱས་ནས་སྐད་ཆ་ཤོད་རེས་མི་བྱེད་པ་དེ་ཡིན་ཞེས་འཁོད་ཡོད་པ་རེད།