ཟླ་5ཚེས་4ཉིན་ཡོ་རོབ་མནའ་འབྲེལ་གྱི་ནང་སྲིད་ལས་དོན་གྱི་འགན་འཁུར་མཁན་ཨུ་ཡོན་མའར་མུའུ་སི་ཐེ་ལུན་གྱིས་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱིས་ཧྲེན་ཀེན་རྒྱལ་ཁབ་ཀྱིས་དམིགས་བཀར་དང་དགོས་ངེས་ཀྱི་གནས་ཚུལ་འོག་ས་མཚམས་བཀག་སྡོམ་བྱེད་ཆོག་པ་དང་ཡོ་རོབ་མནའ་འབྲེལ་གྱི་མཐའ་མཚམས་སུ་ཐོལ་བྱུང་གི་ཡུལ་མི་གནས་སྤོའི་གནས་བབ་དེ་ཁོངས་མིའི་རྒྱལ་ཁབ་ཁག་གཅིག་གིས་འགན་འཁུར་དགོས་དོན་མེད་པའི་གྲོས་གཞི་འདོན་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བ་དང་རྣམ་འགྱུར་དེས་ཀུན་གྱིས་དོ་སྣང་བྱེད་པའི “ཧྲེན་ཀེན་ཆོད་ཡིག ”གི་སྒྱུར་བཅོས་ཀྱི་གླེང་གཞི་དེ་སྔར་བས་དོ་ཁུར་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
མའར་མུའུ་སི་ཐེ་ལུན་གྱིས་གོང་ཚེས་ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་གནས་སྤོས་ཡུལ་མི་རྒྱུན་ཆད་མེད་པར་ཐོན་པར་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་རྒྱག་པ་ཁོ་ནས་ཕན་མི་ཐོགས་པ་དང་ཡོ་རོབ་མནའ་འབྲེལ་གྱིས་ཉེ་དུས་གནས་སྤོས་ཡུལ་མིའི་སྲིད་ཇུས་སྐོར་གྱི་འཆར་ཟིན་ཞིག་འདོན་རྒྱུ་ཡིན་པ་དེ་མཐའ་མཚམས་དོ་དམ་དང་། འཐུས་མཆན་འགོད་པ། ཉམ་ཐག་མི་སེར་ཕྱིར་སྐྱེལ་བ་སོགས་ཕྱོགས་མང་པོའི་ཐད་དང་འབྲེལ་བ་ཡོད། འོན་ཀྱང་ཧྲེན་ཀེན་ལམ་སྲོལ་ནི “གྲུབ་འབྲས་ཆེན་པོ ”ཞིག་ཡིན་པས་དེ་གཏོར་བརླག་བྱེད་མི་རུང་བ་དང་སྔར་བས་ལུགས་མཐུན་བྱེད་ཐབས་ཀྱིས་དེ་སྲུང་སྐྱོང་དང་ལེགས་སུ་གཏོང་དགོས་ཞེས་བརྗོད་ཡོད་པ་རེད།
དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་གྱི་དུས་བབ་ཟིང་ཆ་བསླངས་ཚུན་ཐུ་ནི་སི་དང་། ཨེ་ཅིབ། ལི་པི་ཡ་སོགས་ཀྱི་རྒྱལ་ཁབ་ནས་ཡིན་པའི་གནས་སྤོས་ཡུལ་མི་འབོར་ཆེན་དབྱི་ཐ་ལི་དང་མར་ཐ་རུ་རྒྱུན་མཐུད་ངང་ཐོན་པ་དེས་ཡོ་རོབ་མནའ་འབྲེལ་ལ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཁུར་པོ་ལྕི་པོ་བཟོས་ཡོད། ཟླ་4ཚེས་26ཉིན་ཧྥ་རན་སེའི་ཙུང་ཐུང་ས་ཁོ་ཆི་དང་དབྱི་ཐ་ལིའི་ཙུང་ལི་པེ་ལུའུ་སི་ཁོ་ཉི་གཉིས་རོ་མར་མཇལ་འཛོམས་གནང་རྗེས་ཡོ་རོབ་གླིང་ཆེན་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་གནས་ཀྲུའུ་ཞི་ཕན་ལུང་ཕེ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་པ་ལུའོ་ཙུའོ་ལ་མཉམ་འབྲེལ་མཚན་བཀོད་འཕྲིན་ཡིག་ཅིག་ཕུལ་ནས “དམིགས་བཀར་གྱི་གནས་ཚུལ་འོག ”མཐའ་མཚམས་ལ་གནས་སྐབས་ཀྱི་བཀག་སྡོམ་བྱེད་ཆེད “ཧྲེན་ཀེན་ཆོད་ཡིག ”ལ་བཟོ་བཅོས་རྒྱག་རྒྱུའི་རེ་འབོད་བྱས་པ་རེད།
ཟླ་5ཚེས་1ཉིན་ཡོ་རོབ་མནའ་འབྲེལ་གྱིས་པ་ལུའོ་ཙུའོ་ཡིས་ས་ཁོ་ཆི་དང་པེ་ལུའུ་སི་ཁོ་ཉི་ལ་བསྐུར་བའི་ཡིག་ལན་ཁྱབ་བསྒྲགས་བྱས་པ་དང་། པ་ལུའོ་ཙུའོ་ཡིས་འཕྲིན་ཡིག་ནང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དབར་གནས་སྤོས་ཡུལ་མིའི་སྲིད་ཇུས་སྔར་བས་མཐུན་སྦྱོར་བྱེད་དགོས་པ་དང “གནས་སྐབས་མཐའ་མཚམས་བཀག་སྡོམ་ལག་བསྟར་བྱ་རྒྱུ་ནི་བྱེད་རུང་བའི་ཐབས་སྣ་ཚོགས་ཀྱི་གྲས་ཤིག་ཡིན་པ་དང་དེའི་སྔོན་འགྲོའི་ཆ་རྐྱེན་ནི་དམིགས་བཀར་དང་ཁ་གསལ་གྱི་ཚད་གཞིའི་འོག་ལག་བསྟར་བྱེད་དགོས ”ཞེས་བརྗོད་པ་རེད། དབྱེ་ཞིབ་མཁན་ཞིག་གིས་པ་ལུའོ་ཙུའོ་ཡི་གཏམ་བརྗོད་དེས “ཧྲེན་ཀེན་ཆོད་ཡིག ”ལ་བཟོ་བཅོས་རྒྱག་པའི་ཐད་ཁས་བླངས་པ་ཞིག་རེད་ཅེས་བསྟན་པ་རེད།
དེ་དང་དུས་མཚུངས་ཧྲེན་ཀུན་ཁུལ་ནི་རྒྱུན་མཐུད་ངང་རྒྱ་ཆེར་འགྲོ་བཞིན་ཡོད། ཟླ་5ཚེས་2ཉིན་ཡོ་རོབ་གླིང་ཆེན་དབྱི་ཧུའེ་གྲོས་ཚོགས་ཀྱི་རང་དབང་དང་། དྲང་བདེན། ནང་ཁུལ་ལས་དོན་བཅས་ཨུ་ལྷན་གྱིས་མོས་མཐུན་ཡོད་པའི་འདེམས་ཤོག་33དང་མོས་མཐུན་མེད་པའི་འདེམས་ཤོག་3གྱི་འབྲས་བུའི་ཐོག་ནས་པུར་ཀ་རི་ཡ་དང་རོ་མ་ནི་ཡ “ཧྲེན་ཀེན་ཆོད་ཡིག ”ནང་འཇུག་རྒྱུར་མོས་མཐུན་བྱུང་ནས་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་དེ་གཉིས་ཡོ་རོབ་མནའ་འབྲེལ་གྱིས་གཏན་འབེབས་བྱས་པའི་ཧྲེན་ཀེན་ཁུལ་ནང་ཞུགས་རྒྱུའི་ལག་རྩལ་རང་བཞིན་གྱི་དམིགས་ཚད་གཙོ་བོར་སླེབས་ཡོད་པའི་ངོས་འཛིན་བྱས་པ་རེད། རྒྱལ་ཁབ་གཉིས་པོ་ཧྲེན་ཀེན་ཁུལ་ནང་ཞུགས་ཐུབ་མིན་ཐད་ད་དུང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཚང་མས་ཐུན་མོང་ཐོག་མཐའ་མའི་གཏན་འབེབས་བྱེད་དགོས་ཀྱི་ཡོད་མོད་འོན་ཀྱང་འཇར་མན་དང་ཧྥ་རན་སེས་རྒྱལ་ཁབ་དེ་གཉིས་པོ་ཧྲེན་ཀེན་ཁུལ་ནང་ཞུགས་པར་ངོ་རྒོལ་བྱ་རྒྱུ་ཡིན་པ་གསལ་པོ་བསྟན་ཡོད་པ་དང་དེའི་རྒྱུ་མཚན་ནི་རྒྱལ་ཁབ་དེ་གཉིས་པོ་2007ལོར་ཡོ་རོབ་མནའ་འབྲེལ་ནང་ཞུགས་རྗེས་རྒྱལ་ཁབ་རང་ཉིད་ཀྱི་ཁྲིམས་འཛིན་མ་ལག་ལ་སྒྱུར་བཅོས་ཡག་པོ་བྱས་མེད་པས་ཡིན་པ་རེད།
དོན་དངོས་སུ་ཧྲེན་ཀེན་རྒྱལ་ཁབ་ཁ་ཤས་ཀྱིས “རྒྱལ་ཁབ་རང་ཉིད་ཀྱི་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང ”བྱེད་རྒྱུར་ཁ་གཡར་ནས་གནས་སྐབས་ཀྱི་མཐའ་མཚམས་བཀག་སྡོམ་བྱེད་ཐབས་སྤྱོད་མྱོང་ཡོད་པ་དཔེར་ན། 2005ལོའི་ཟླ་7པར་དབྱིན་ཇིའི་ལོན་ཏོན་དུ་ས་འོག་ལྕགས་ལམ་མུ་འབྲེལ་འབར་གས་ཀྱི་གྱོད་དོན་བྱུང་རྗེས་ཧྥ་རན་སེས་གནས་སྐབས་མཐའ་མཚམས་ཞིབ་བཤེར་བྱ་རྒྱུ་བསྐྱར་གསོ་བྱས་པ་དང་འཇར་མན་གྱིས་ཀྱང་རྐང་རྩེད་སྤོ་ལོའི་ཁྲམ་པ་རྒྱལ་ཁབ་དེར་ཡོང་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བལྟ་བར་འགོག་ཆེད་དུས་སྐབས་ཤིག་རིང་མཐའ་མཚམས་བཀག་སྡོམ་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།