པན ·ལ་ཏེང་མེ་མདའ་བརྒྱབ་ནས་བསད་ཚུན་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ད་རེས་ཀྱི་བྱ་སྤྱོད་ནང་ཕ་ཁི་སི་ཐན་གྱི་ནུས་པར་གླེང་མོལ་ཡང་ཡང་བྱས་པ་དང་ཕ་ཁི་སི་ཐན་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཤོད་ཚུལ་ཡང་གཅིག་གྱུར་མེད། མིག་སྔར་ཨ་རིའི་རྒྱལ་ནང་དུ་པན ·ལ་ཏེང་ཤི་རྗེས་ཀྱི་ཨ་རི་དང་ཕ་ཁི་སི་ཐན་དབར་གྱི་འབྲེལ་བར་བསྐྱར་དུ་གདེང་འཇོག་བྱེད་འགོ་ཚུགས་པ་དང་ཨ་རིའི་རྒྱལ་ཚོགས་ཀྱིས་ཚེས་5ཉིན་ནས་བཟུང་ཕ་ཁི་སི་ཐན་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་འབྲེལ་ཡོད་གནད་དོན་གྱི་དཔང་གཏམ་ཉན་ཚོགས་བསྟུད་མར་འཚོགས་ཤིང་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཀྱང་ཚེས་5ཉིན་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཨ་དམག་གི་གློ་བུར་འཇབ་རྒོལ་བྱ་སྤྱོད་ཀྱི་ཤུགས་རྐྱེན་ལ་གདེང་འཇོག་བྱས་ཡོད།
ཨ་རིའི་རྒྱལ་ནང་གླེང་ཕྱོགས་ཀྱིས་ཕ་ཁི་སི་ཐན་ལ་དོགས་པ་བྱེད་པར་གནད་གཉིས་ཐོག་གཅིག་སྡུད་བྱས་ཡོད་པ་སྟེ། གཅིག་ནི་པན ·ལ་ཏེང་ཕ་ཁི་སི་ཐན་དུ་ཡུན་རིང་ཡིབ་པ་དེ་ཕ་ཁི་སི་ཐན་གྱིས་ཤེས་མིན་དང་ཐ་ན་ཁོ་པར་འགེབས་སྲུང་མཁོ་འདོན་བྱེད་མིན་དང་གཉིས་ནི་སླད་ཕྱིན་ཨ་རིས་ཕ་ཁི་སི་ཐན་དང་འཇིགས་སྐུལ་ལ་ངོ་རྒོལ་བྱ་རྒྱུའི་ཐད་ད་དུང་གཞོགས་འདེགས་བྱེད་དགོས་མིན་དང་ད་རེས་ལ་ཏེང་མེ་མདའ་བརྒྱབ་ནས་བསད་པ་དེ་ཐོག་ནས་ཨ་རི་ཕྱོགས་རྐྱང་པས་བྱ་སྤྱོད་སྤེལ་ནའང་དམིགས་ཡུལ་འགྲུབ་ཐུབ་པའི་ར་སྤྲོད་ཧ་ལམ་བྱུང་བ་དེ་རེད། ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ཕ་ནེ་ཐེས་ཉིན་ཤས་གོང་ཕ་ཁི་སི་ཐན་གྱིས་ད་རེས་ཀྱི་དམིགས་བསལ་བྱ་སྤྱོད་ཀྱི་ཞིབ་ཕྲ་གང་ཞིག་ཡིན་མིན་རྩ་བ་ནས་ཤེས་ཀྱི་མེད། དེ་གང་ལགས་ཤེ་ན། ཨ་རིའི་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱིས་ལྐོག་བརྡ་སྤྲོད་སྲིད་པའི་སེམས་ཁྲལ་བྱས་པས་རེད། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲར་ཏ་ལིས་ཨ་རིའི 《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར 》ཐོག་རྩོམ་ཡིག་སྤེལ་ནས་ཨ་རིའི་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཧུར་བརྩོན་རང་བཞིན་མི་འདང་བའི་སྐྱོན་འཛུགས་བྱས་པ་དེ་ནི་གཞི་འཛིན་ས་གཏན་ནས་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། ཝ་ཧྲིང་ཐོན་དུ་ཚོགས་བཞིན་པའི་ཨ་ཕ་རྒྱལ་ཁབ་གཉིས་ཀྱི་འགོག་སྲུང་ལས་དོན་གྲོས་མོལ་ཚོགས་ཆུང་གིས་ཕྱོགས་གཉིས་ཀའི་ཁ་རྩོད་དེ་རབ་རིབ་ངང་ཐག་གཅོད་བྱས་ཏེ་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་པན ·ལ་ཏེང་ལ་དམིགས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་དེ་ཐོག་ནས་ཨ་ཕ་རྒྱལ་ཁབ་གཉིས་དབར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་མཉམ་ལས་བྱེད་པའི་གལ་ཆེའི་རང་བཞིན་མངོན་ཡོད་ཅེས་བཀོད་ཡོད། ཨ་ཕ་རྒྱལ་ཁབ་གཉིས་དབར་གྱི་སྐད་སྒྲ་མི་འདྲ་བ་དེ་ཐོག་ནས་འཐབ་ཇུས་ཐད་རྒྱལ་ཁབ་གཉིས་པོའི་དབར་སྔ་ས་ནས་ཡིད་ཆེས་མེད་པ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ཀྱི་འགལ་བ་ཚབས་ཆེན་མཚོན་ཐུབ། ཨ་རིས་པན ·ལ་ཏེང་མེ་མདའ་བརྒྱབ་ནས་བསད་པའི་ཕྱོགས་རྐྱང་པའི་བྱ་སྤྱོད་དེ་ལས་ཕ་ཁི་སི་ཐན་གྱི་སྲིད་གཞུང་ཧ་ཅང་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱར་བ་སྟེ། ཨ་རིའི་བྱ་སྤྱོད་ལ་གཞོགས་འདེགས་བྱ་རྒྱུ་ཁས་བླངས་ན་ཨ་རིས་ཕ་ཁི་སི་ཐན་གྱི་མངའ་ཁོངས་ས་ཆ་དང་། མངའ་ཁོངས་མཁའ་དབྱིངས། བདག་དབང་བཅས་ལ་བཙན་གནོད་བྱེད་པའི་དོགས་པ་བྱས་ནས་བསྡད་པ་མ་ཟད་རྟེན་གཞིའི་རྩ་འཛུགས་ཀྱིས་འཁོན་ལན་སློག་སྲིད་པ་དང་ཁས་ལེན་མ་བྱས་ན་ཕ་ཨ་རྒྱལ་ཁབ་གཉིས་དབར་གྱི་འཐབ་ཇུས་ཀྱི་འགལ་བ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགལ་ཟླ་དམར་རྗེན་དུ་ཐོན་རྒྱུ་དེ་རེད། ཕ་ཁི་སི་ཐན་སྐམ་དམག་གི་ཚན་མོའུ་ཀྲང་ཅི་ཡ་ཉིས་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་གདེང་འཇོག་ཚོགས་འདུ་འཚོགས་རྗེས་སྤེལ་བའི་གསལ་བསྒྲགས་ནང་ཕ་ཁི་སི་ཐན་གྱི་བདག་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་གང་ཞིག་ཡིན་རུང་པ་ཁི་སི་ཐན་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་དམག་དོན་དང་གསང་འཕྲིན་ཐད་མཉམ་ལས་བྱ་རྒྱུར་བསྐྱར་དུ་གདེང་འཇོག་བྱེད་སྲིད་ཅེས་འཁོད་ཡོད་པ་རེད།
དོན་དངོས་ཐོག་ཨ་རིས་ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་ཕུལ་བའི་ལེགས་སྐྱེས་དང་བློས་གཏོང་ཆེན་པོ་དེར་དྲང་བདེན་དང་དྲང་གཞག་ངང་གདེང་འཇོག་བྱེད་དགོས། འཇིགས་སྐུལ་ལ་ངོ་རྒོལ་བྱས་ནས་ལོ་བཅུའི་རིང་ཕ་ཁི་སི་ཐན་གྱིས་ཁྱོན་བསྡོམས་རྟེན་གཞིའི་རྩ་འཛུགས་ཀྱི་ཁོངས་མི་400ལྷག་ཙམ་བསད་པ་དང་འཛིན་བཟུང་བྱས་པའི་ནང “9·11” གི་ཉེན་ཡོད་དོགས་ཅན་ཧ་ལི་ཏེ་དང་འདྲ་བའི་གལ་ཆེའི་འགོ་པ་ཡོད་པ་དང་ཕ་ཁི་སི་ཐན་ཕྱོགས་ཀྱི་དམག་མི་དང་ཉེན་རྟོག་པ་3000ལྷག་ཙམ་གྱི་སྲོག་ཀྱང་ཤོར་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ལོ་བཅུའི་རིང་ཕ་ཁི་སི་ཐན་ཕྱོགས་ལ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྲོད་ཐད་ཀ་དང་གཞན་བརྒྱུད་ཀྱི་དཔལ་འབྱོར་གྱོང་གུན་ཨ་སྒོར་དུང་ཕྱུར་1000ལས་མང་བ་ཕོག་པ་དེ་དུས་ཚོད་དེའི་རིང་ཨ་རིས་དཔལ་འབྱོར་ཐད་རོགས་སྐྱོར་བྱས་པའི་ཨ་སྒོར་དུང་ཕྱུར་200ལྷག་ཙམ་ལས་ཆེས་ཆེར་བརྒལ་ཡོད། ད་དུང་ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་སྤྱི་ཚོགས་དང་ཆབ་སྲིད་ཀྱི་རིན་དོད་ཧ་ཅང་ཆེན་པོ་བཏང་ཡོད་པ་སྟེ། སྤྱི་ཚོགས་འཕེལ་རྒྱས་འགྲོ་འགོར་བ་དང་། བདེ་འཇགས་ཀྱི་དུས་བབ་སྡུག་ཏུ་འགྲོ་བ། ཚོགས་པའི་མང་ཚོགས་ཕྱིར་གྱར་བ་སོགས་རེད། དེ་ལས་ལྡོག་སྟེ་2004ལོ་ནས་བཟུང་ཨ་རིས་ཕ་ཁི་སི་ཐན་གྱི་ཚོགས་པའི་ཁུལ་དུ་མི་མེད་གནམ་གྲུ་བཏང་ནས་འབར་མདེལ་དབྱུག་སྟེ་འཇིགས་སྐུལ་པ 1000ལྷག་ཙམ་བསད་ཡོད་ཀྱང་ཉེས་མེད་མི་སེར་མང་པོ་ཞིག་ཤི་རྨས་བྱུང་ཡོད་སྟབས་དེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མདུན་གྲས་སུ་གནས་པའི་རྒྱལ་ཁབ་ཅིག་ཡིན་པའི་ཕ་ཁི་སི་ཐན་གྱི་ལེགས་སྐྱེས་ནི་སུབ་ཐབས་བྲལ་བ་ཞིག་ཡོད།
ལ་ཏེང་ཤི་རྗེས་ཨ་རིའི་སྲིད་ཕྱོགས་དང་རིག་གཞུང་ལས་རིགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་ཕ་ཁི་སི་ཐན་གྱི་ནུས་པར་མངོན་གསལ་དུ་གྲོས་བསྡུར་བྱས་པ་དང་ཕ་ཁི་སི་ཐན་ལ་འཛིན་པའི་འཐབ་ཇུས་ལེགས་སྒྲིག་བྱ་རྒྱུར་ནང་གྲོས་བྱེད་འགོ་བཙུགས་ཏེ་བརྗོད་ཚུལ་དང་འཕེལ་ཕྱོགས་ཆེན་པོ་ཞིག་ནི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ཕྱོགས་རྐྱང་པས་དམིགས་བསལ་དམག་འཐབ་དང་གནས་གཏན་འཁེལ་གྱི་གཙང་བཟོའི་འཐབ་རྩལ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དེ་རང་ཡིན་ནའང་བྱེད་སྟངས་དེ་རིགས་ཉེན་ཁ་ཧ་ཅང་ཆེ་བ་ཞིག་ཡོད། གལ་སྲིད་སླད་ཕྱིན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ནང་ཨ་རིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་དང་རྒྱལ་ཁབ་གཞན་གྱི་བདག་དབང་མངའ་ཁོངས་ཆ་ཚང་ལ་མ་བལྟོས་པར་ཕྱོགས་རྐྱང་པའི་དྲག་ཤུགས་སྤྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་རིང་དམག་དོན་གྱི་དངོས་ཤུགས་ལ་མཐོང་ཆེན་པོ་བྱེད་དྲགས་ན་རྫོགས་མཐའ་མེད་པའི་རྐྱེན་ངན་འཕྲད་རྒྱུ་རེད།
ད་ལོའི་ཟླ་7པར་ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཨ་རིའི་དམག་མི་རིམ་བཞིན་ཉུང་དུ་གཏོང་རྒྱུ་ཡིན་པ་དང་པན་ལ་ཏེང་མེ་མདའ་བརྒྱབ་ནས་བསད་པ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་ཆབས་ཅིག་ཨ་རིས་ཕ་ཁི་སི་ཐན་དང་ཨ་ཧྥུ་ཀ་ནི་སི་ཐན་ས་ཁུལ་གྱི་འཐབ་ཇུས་ཉུང་འཕྲི་བྱེད་མགྱོགས་སུ་གཏོང་སྲིད་ཀྱང་ཕ་ཁི་སི་ཐན་གྱིས་སླད་ཕྱིན་ས་ཁུལ་གྱི་བདེ་འཇགས་དང་རྒྱལ་སྤྱིའི་ཐོག་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྲོད་གལ་ཆེའི་ནུས་པ་སྔར་བཞིན་འདོན་རྒྱུ་རེད། ཨ་རིས་ཕ་ཁི་སི་ཐན་ཕྱོགས་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པའི་ཆ་རྐྱེན་འོག་ཕ་ཁི་སི་ཐན་ཕྱོགས་ལ་སྤྱི་ཚོགས་དང་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རོགས་རམ་བྱས་ཏེ་ས་ཁུལ་དེའི་འཇིགས་སྐུལ་དང་མཐར་སོན་རིང་ལུགས་ཐོན་སའི་ས་རྒྱུ་རྦད་དེ་མེད་པར་བཟོ་རྒྱུ་ནི་རྒྱལ་ཁབ་ཆེན་པོ་ཞིག་གིས་འཁུར་དགོས་པའི་འགན་འཁྲི་རེད།