མི་དམངས་ཉིན་རེའི་ཚགས་པར་ཁང་དུ་དབྱི་སི་ལམ་པའོ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཨ་རིའི་དམག་གི་མི་མེད་གནམ་གྲུས་སླར་ཡང་ཕ་ཁི་སི་ཐན་གྱི་ནུབ་བྱང་ཚོ་པའི་ཁུལ་དུ་གནས་གཏན་འཁེལ་གྱི་འཇབ་རྒོལ་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ཉིན་གྱི་འཇབ་རྒོལ་ནང་ཉུང་མཐར་ཡང་དྲག་ཆས་པ་5བསད་ཡོད་པ་རེད། དེ་ནི་ཟླ་5ཚེས་2ཉིན་ཕ་ཁི་སི་ཐན་དུ་པན ·ལ་ཏེན་བསད་རྗེས་ཨ་རིའི་དམག་གིས་སྤེལ་བའི་འཇབ་རྒོལ་གྱི་བྱ་སྤྱོད་ཐེངས་གསུམ་པ་དེ་ཡིན་པ་རེད།
པན ·ལ་ཏེན་མ་བསད་གོང་མི་མེད་གནམ་གྲུས་འབར་གཏོར་བྱེད་པ་ནི་ཨ་རི་དང་ཕ་ཁི་སི་ཐན་དབར་གྱི་རྩོད་གླེང་ཆེ་བའི་གནད་དོན་ཡིན་ཞིང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཨ་རིས་མི་མེད་གནམ་གྲུ་སྤྱད་དེ་འཇབ་རྒོལ་བྱེད་པ་དེ་ནི་ཕ་ཁི་སི་ཐན་གྱི་བདག་དབང་ལ་བཙན་གནོད་བྱས་པའི་ངོས་འཛིན་བྱས་ཡོད། འོན་ཀྱང་གནས་ཚུལ་སྤེལ་བ་ཁག་གཅིག་ནང་ཕ་ཁི་སི་ཐན་གྱི་འགོ་ཁྲིད་ཀྱིས་དེའི་ཐད་གཏམ་མེད་ཁས་ལེན་གྱི་རྣམ་འགྱུར་བསྟན་ཡོད་ཅེས་འཁོད་ཡོད། འདི་ལོའི་ཟླ་4པར་ཨ་རིའི་དམག་གི་མི་མེད་གནམ་གྲུས་ཚོ་པའི་ཁུལ་གྱི་མི་སེར་དཀྱུས་མ་40ལྷག་ཙམ་བསད་པས་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཨ་རིར་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད་མི་མེད་གནམ་གྲུའི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད། མིག་སྔའི་གནས་ཚུལ་ཐོག་ནས་བལྟས་ཚེ་ཨ་རིས་མི་མེད་གནམ་གྲུའི་བྱ་སྤྱོད་སྤེལ་མཚམས་འཇོག་བཟོ་མེད་པ་རེད།