དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་ལྷོ་བྱང་གི་མཐའ་མཚམས་ཀྱི་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་མ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས་སུའུ་ཏན་ལྷོ་བྱང་དབར་གྱི་ཨ་ཕུ་ཡེ་དབྱི་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་པར་དོ་ཁུར་ཟབ་མོ་བྱས་ཏེ 《ཕྱོགས་ཡོངས་ཀྱི་ཞི་བདེའི་གྲོས་མཐུན 》ལ་མིང་རྟགས་བཀོད་ནས་ཕྱོགས་ཁག་གིས་ཁ་དན་ཚིག་གནས་བྱས་ཏེ་གདོང་ཐུག་སྔར་བས་ཆེ་རུ་མི་འགྲོ་བ་བྱ་རྒྱུའི་སྐུལ་མ་བཏང་བ་རེད།

        ཚེས་10ཉིན་སུའུ་ཏན་ལྷོ་མའི་དམག་དཔུང་གིས་ངོ་ལོག་དམག་གིས་ཉེ་ཆར་སུའུ་ཏན་ལྷོ་མའི་ཝ་ལ་ཕུ་ཀྲོའུ་ཡི་འབྲོག་པའི་སྒར་ས་ཞིག་ལ་ཕར་རྒོལ་བྱས་པས་མི་82རྐྱེན་ལམ་དུ་ཤོར་ཡོད་ཅེས་ནན་བཤད་བྱས་པ་རེད། དེ་ཉིན་སུའུ་ཏན་ལྷོ་མའི་ལྟེ་བའི་གྲོང་ཁྱེར་ཀྲུའུ་པར་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་བྱས་པ་དང་རེ་ཞུ་བྱེད་མཁན་གྱིས་སྲིད་གཞུང་ལ་ཨ་ཕུ་ཡེ་དབྱིའི་ས་ཁུལ་དོར་མི་རུང་བའི་བླང་བྱ་བཏོན་མོད། འོན་ཀྱང་སུའུ་ཏན་གྱི་ཙུང་ཐུང་པ་ཤིའར་གྱིས་གལ་ཏེ་སུའུ་ཏན་ལྷོ་མར་ངེས་པར་དུ་ཨ་ཕུ་ཡེ་དབྱི་ས་ཁུལ་དབང་ཚེ་རྒྱལ་ཁབ་གསར་པ་དེ་ཁས་ལེན་གྱི་མིན་ཞེས་འཇིགས་སྐུལ་བྱས་པ་རེད།

        ཟླ་5ཚེས་12ཉིན་ཨེ་ཅིབ་ཀྱི 《ཧྭ་ཕུའུ་ཐུའོ་ཚགས་པར 》ཐོག་འདི་ལོའི་ལོ་འགོར་སུའུ་ཏན་ལྷོ་མས་སྤྱི་དམངས་ཀྱི་འདེམས་ཤོག་འཕེན་པའི་བར་མི་1100ལྷག་ཙམ་གདོང་ཐུག་སྣ་ཚོགས་ནང་ཤི་བ་དང་མི་ཁྲི་བཅུ་ལྷག་ཙམ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད། གདོང་ཐུག་ཛ་དྲག་ཏུ་འགྲོ་བའི་རྒྱུ་རྐྱེན་དེ། གཅིག་ནི་སུའུ་ཏན་ལྷོ་བྱང་ཕྱོགས་གཉིས་པོས་བུ་ལོན་དང་། རྒྱུ་ནོར་བགོ་བཤའ་རྒྱག་པ། རྡོ་སྣུམ་སྐྱེལ་འདྲེན་སོགས་གནད་དོན་ཐད་ངོས་འཛིན་གཅིག་གྱུར་མ་བྱུང་བའི་ཐོག་ཨ་ཕུ་ཡེ་དབྱི་ས་ཁུལ་གྱི་འབྲེལ་ཡོད་གནས་བབ་གྲོས་མོལ་བྱ་རྒྱུ་ཧ་ལམ་མཚམས་ཆད་པ་དང་། གཉིས་ནི་ལྷོ་རྒྱུད་རང་བཙན་ཡོང་ཉེར་ཡོད་པའི་སྐབས་སུ་རང་བཙན་ལ་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱིས་གཏོར་བཤིག་གང་བྱུང་དུ་བཏང་སྟེ་གདོང་གཏུག་དོན་རྐྱེན་བཟོ་བ། གསུམ་ནི་སུའུ་ཏན་ལྷོ་རྒྱུད་ཀྱི་སྤྱི་ཚོགས་གྲུབ་ཆ་ཪྙོག་འཛིང་ཆེ་བ་དང་ཆོས་ལུགས་གྲུབ་མཐའ་ཁག་དང་ཚོ་པའི་ཕྱོགས་གཏོགས་དབར་གྱི་འབྲེལ་བ་ཪྙོག་འཛིང་ཆེ་བས་རེད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།