ཀྲུང་གོ་དང་ཨ་རིའི་དབར་འཐབ་ཇུས་དང་དཔལ་འབྱོར་ཐད་སྐད་ཆ་ཤོས་རེས་ཐེངས་གསུམ་པ་བྱས་པ།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཨ་རིའི་དབར་གྱི་འཐབ་ཇུས་དང་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོས་རེས་ཐེངས་གསུམ་པ་དེ་ཚེས་9ཉིན་དང་ཚེས་10ཉིན་ཨ་རིའི་ཝ་ཧྲིང་ཐོན་དུ་བྱས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་དམིགས་བསལ་སྐུ་ཚབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཆི་ཧྲན་དང་རྒྱལ་དོན་ཨུ་ཡོན་ཏའེ་པིང་གོ་དང་ཨ་རིའི་ཙུང་ཐུང་ཨའོ་པ་མ་ཡི་དམིགས་བསལ་སྐུ་ཚབ་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིན་ཏུན་དང་ནོར་སྲིད་པུའི་པུའུ་ཀྲང་ཀའེ་ཐེ་ན་བཅས་ཀྱིས་སྐད་ཆ་ཤོད་རེས་ཐུན་མོང་ཐོག་གཙོ་སྐྱོང་གནང་བ་རེད། ཕྱོགས་གཉིས་པོས་འདི་ལོའི་ཟླ་1པོར་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཨ་རིར་འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་ཀྲུང་གོ་དང་ཨ་རིའི་དབར་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཐད་འབྲེལ་བ་དང་སྤེལ་རེས་གཏིང་ཟབ་བྱེད་པ་དང། ཤེས་རྟོགས་གཏིང་ཟབ་བྱེད་པ། ཐུན་མོང་གི་ངོས་འཛིན་ཆེ་རུ་གཏོང་བ། ཡིད་ཆེས་བྱེད་སེམས་ཆེ་རུ་གཏོང་བ། མཉམ་ལས་ལ་སྐུལ་མ་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།
ད་རེས་ཀྱི་དཔལ་འབྱོར་ཐད་སྐད་ཆ་ཤོད་རེས་བྱེད་པའི་ལས་འགན་གཙོ་བོ་ནི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཨ་རིར་འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ཏེ་ཁྱོན་ཡོངས་ནས་གཉིས་ཕན་གྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད། རྒྱལ་ཁབ་གཉིས་པོའི་དབར་དཔལ་འབྱོར་མཉམ་ལས་ཁྲོད་ཀྱི་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནད་དོན་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཏེ་གཉིས་ཁེ་གཉིས་ཕན་གྱི་གྲུབ་འབྲས་མང་པོ་ཞིག་ཐོབ་ཡོད། ཙུང་ལི་གཞོན་པ་ཝང་ཆི་ཧྲན་དང་ནོར་སྲིད་པུའུ་ཀྲང་ཀའེ་ཐེ་ན་ཡིས 《དཔལ་འབྱོར་སྟོབས་ཆེན་དང་། རྒྱུན་བསྲིང་། དོ་སྙོམས་བཅས་ཀྱི་སྒོ་ནས་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་མཉམ་ལས་སྐོར་གྱི་ཁྱོན་ཡོངས་ཀྱི་སྒྲོམ་གཞིར 》ཐུན་མོང་ཐོག་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོས་གཞི་ཁྱོན་དེ་བས་ཆེ་བ་དང་། དེ་བས་དམ་ཟབ། དེ་བས་རྒྱ་ཆེ་བཅས་ཀྱི་དཔལ་འབྱོར་མཉམ་ལས་བྱ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། ཕྱོགས་གཉིས་པོས་དེང་སྐབས་དཔལ་འབྱོར་དུས་བབ་ཧ་ཅང་ཪྙོག་འཛིང་ཆེ་བའི་གནས་ཚུལ་འོག་ཀྲུང་གོ་དང་ཨ་རིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཐད་འབྲེལ་བ་དང་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་རེད། ཕྱོགས་གཉིས་པོས་ཡོ་རོབ་ཀྱི་བདག་དབང་བུ་ལོན་ཉམས་ཉེན་དང་རི་པིན་གྱི་ས་ཡོམ་ལས་ཐོན་པའི་ཉིང་རྡུལ་ཤོར་བ་དང་དེ་བཞིན་དབུས་ཤར་ས་ཁུལ་གྱི་དུས་བབ་ཟང་ཟིང་ལས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པར་གྲོས་བསྡུར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་དང་རྒྱུན་བསྲིང་སླར་གསོ་ཡོང་རྒྱུའི་འགན་ལེན་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་གྲུབ་ཆ་སྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་གཞུང་དྲང་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་ཞིག་རིམ་བཞིན་འཛུགས་རྒྱུའི་ནན་བཤད་བྱས་པ་རེད།
ཕྱོགས་གཉིས་པོས་དཔལ་འབྱོར་འཕར་སྟངས་ལ་འགྱུར་ལྡོག་གཏོང་བ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ལྕགས་ལམ་དང་གློག་དྲ་སོགས་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་དྭངས་གཙང་ནུས་རྒྱུ་དང་། འབྱུང་འཕྲོད་དཔལ་འབྱོར། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཐད་མཉམ་ལས་ཤུགས་ཆེན་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཁེ་ལས་སོགས་རིམ་ཁག་དབར་གྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་མོས་མཐུན་བྱས་པ་རེད།
ཕྱོགས་གཉིས་པོས་དེ་བས་སྒོ་དབྱེའི་ཚོང་དོན་དང་མ་འཇོག་མ་ལག་སྐྲུན་གང་ཐུབ་བྱེད་རྒྱུའི་ནན་བཤད་བྱས་པ་རེད། ཨ་རི་ཕྱོགས་ཀྱིས་ཕྱིར་གཏོང་དོ་དམ་མ་ལག་སྒྱུར་བཅོས་ཁྲོད་ཀྲུང་གོར་དྲང་བཞག་གི་ལྟ་སྟངས་འཛིན་པ་དང་ཀྲུང་གོའི་ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་པའི་དོ་དམ་ལྷུག་ཏུ་གཏོང་བ་དང་འབྲེལ་ཀྲུང་གོ་དང་ཨ་རིའི་དབར་གྱི་ཚོང་དོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་ལས་ཀྱི་བྱ་ཐབས་ཐོག་ནས་ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་གནས་བབ་ལ་མྱུར་པོ་དང་ཁྱོན་ཡོངས་ནས་ཁས་ལེན་བྱ་རྒྱུ་འདོད་དོན་ཞལ་བཞེས་བྱས་པ་རེད། ཕྱོགས་གཉིས་པོས་མ་འཇོག་སྲུང་སྐྱོང་གྲོས་དོན་གྱི་གྲོས་མོལ་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་། ཐོན་རྫས་སྤུས་ཚད། བཟའ་བཅའི་བདེ་འཇགས་སོགས་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། ཕྱོགས་གཉིས་པོས་ཏོ་ཧའི་རྒྱལ་ཁབ་ཕྱོགས་མང་གི་ཉོ་ཚོང་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཚོང་དོན་དང་མ་འཇོག་སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱ་རྒྱུ་ཡིན་པ་རེད།
ད་རེས་སྐད་ཆ་ཤོས་རེས་བྱེད་པའི་ནང་ད་དུང་དངུལ་རྩའི་མཉམ་ལས་ཐད་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཕྱོགས་གཉིས་པོས་ལྟ་སྐུལ་དོ་དམ་མ་ལག་གི་གལ་ཆེའི་ལས་ཁུངས་དང་། གྲིབ་གཟུགས་དངུལ་ཁང་ལས་སྒོ། ཡིད་རྟོན་གྱི་རིམ་པ་དཔྱད་དཔོག་ལས་ཁུངས། གླ་ཕོགས་ཀྱི་སྲིད་ཇུས་སྒྱུར་བཅོས། ཁྲིམས་འགལ་མ་རྩ་མཉམ་འཇོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཁྱབ་ཁོངས་ནང་ཆ་འཕྲིན་མཉམ་སྤྱོད་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་དངུལ་རྩའི་མ་ལག་གི་སྒྱུར་བཅོས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱས་པ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་དངུལ་རྩའི་ཁེ་ལས་ཀྱིས་ཨ་རིར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་པ་དང་ཀྲུང་གོ་ཕྱོགས་ཀྱིས་མ་དངུལ་འདང་ཚད་དང་ཕྱོགས་བསྡུས་དྲ་སྦྲེལ་དོ་དམ་སོགས་ལྟ་སྐུལ་དོ་དམ་ཐད་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བར་ཁས་ལེན་བྱས་པ་རེད། ཨ་རི་ཕྱོགས་ཀྱིས་སྲིད་གཞུང་གིས་ཁེ་ལས་ལ་ནུས་ལྡན་གྱི་ལྟ་སྐུལ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས་དེས་མ་རྩ་འདང་ངེས་ཐོག་ནས་ནོར་དོན་གྱི་འགན་འཁྲི་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་རྒྱུ་འདོད་དོན་ཞལ་བཞེས་བྱས་པ་རེད།
འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་བྱེད་རིང་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་པ་དང་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་འབྲེལ་བ་དང་ས་ཁུལ་དང་གོ་ལ་ཧྲིལ་པོ་ཚུད་པའི་གནད་དོན་གལ་ཆེན་ལ་དམིགས་ནས་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ། དགེ་མཚན་ལྡན་པ་བཅས་ཀྱི་སྒོ་ནས་བསམ་འཆར་སྤེལ་རེས་བྱས་པ་རེད། ཕྱོགས་གཉིས་པོས 《ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་གསལ་བསྒྲགས 》ཀྱི་དགོངས་དོན་ལྟར་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་། མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱེད་པ། ཕྱོགས་གཉིས་པོའི་དབར་མཉམ་ལས་གཏིང་ཟབ་བྱེད་པ། རྒྱལ་སྤྱིའི་ས་ཁུལ་གནད་དོན་ཐད་ཀྱི་འབྲེལ་བ་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཀྲུང་གོ་དང་ཨ་རིའི་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུར་མོས་མཐུན་བྱས་པ་རེད། ཕྱོགས་གཉིས་པོས 《ཀྲུང་གོ་དང་ཨ་རིའི་དབར་གྱི་འཐབ་ཇུས་དང་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་རེས་ཐེངས་གསུམ་པ་བྱས་པའི་སྒྲོམ་གཞིའི་འོག་གི་འཐབ་ཇུས་ཀྱི་སྐད་ཆ་ཤོད་པའི་གྲུབ་འབྲས་གསལ་ཐོ 》ཁྱབ་བསྒྲགས་བྱས་པ་དེ་དག་ནུས་ཁོངས་དང་། ཁོར་ཡུག ཚན་རྩལ། འགྲིམ་འགྲུལ། ནགས་ལས། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་མང་པོའི་ནང་གི་མཉམ་ལས་གྲུབ་འབྲས་དང་འབྲེལ་བ་ཡོད་པ་རེད།
ཕྱོགས་གཉིས་པོས་འཐས་ཇུས་ཐད་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། ཨ་རི་ཕྱོགས་ཀྱིས་དར་རྒྱས་དང་། སྟོབས་ཆེན། གྲུབ་འབྲས་ཐོབ་པ་བཅས་ཀྱི་ཀྲུང་གོར་དགའ་བསུ་ཞུ་རྒྱུ་དང་། རྒྱལ་སྤྱིའི་བྱ་བའི་ཁྲོད་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་རྒྱུར་དགའ་བསུ་ཞུས་ཏེ་ཀྲུང་གོའི་སྲོག་ཤིང་ཁེ་ཕན་ལ་བརྩི་འཇོག་བྱེད་པ་ལས་ཀྲུང་གོར་བཀག་འགོག་མི་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་བྱེད་པའི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཨ་རིའི་འཐབ་ཇུས་བདེ་འཇགས་ཀྱི་སྐད་ཆ་ཤོས་རེས་ཀྱི་ལམ་སྲོལ་འཛུགས་རྒྱུར་མོས་མཐུན་བྱས་པ་དང་འབྲེལ་སྐད་ཆ་ཐེངས་དང་པོ་ཤོད་རེས་བྱས་པ་རེད།
ཕྱོགས་གཉིས་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོར་གཞིགས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁྲོད་ཕན་ཚུན་བཟོད་སྒོམ་དང་། འགྲན་རྩོད་ཡག་པོ། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་འགུལ་རྣམ་པ་ཧུར་ཐག་གཏོད་དགོས། ཀྲུང་གོ་དང་ཨ་རིས་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ་དང་སྦྲགས་ས་ཁུལ་དེ་གའི་རྒྱལ་ཁབ་གཞན་དག་གིས་ཐུན་མོང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་ས་ཁུལ་དེ་རྒྱུན་བསྲིང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཡོང་བ་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་དབར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཐད་ཀྱི་གྲོས་མོལ་ལམ་སྲོལ་འཛུགས་རྒྱུར་མོས་མཐུན་བྱེད་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོར་དམིགས་ཏེ་གནད་དོན་དང་འགྲན་རྩོད་གསར་པ་སྣ་ཚོགས་ལ་ཁ་གཏད་གཅོག་དགོས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གལ་ཆེན་གསར་པ་འབྱུང་བཞིན་ཡོད་པ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨ་རིའི་ངོས་ནས་བརྗོད་ན་ཕན་ཚུན་འབྲེལ་བ་མང་ཙམ་བྱེད་དགོས་པ་དང་མཐུན་སྦྱོར་དང་མཉམ་ལས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
སྐད་ཆ་ཤོད་རེས་མཇུག་འགྲིལ་རྗེས་ཝང་ཆི་ཧྲན་དང་ཏའེ་པིང་གོ་དང་ཁེ་ལིན་ཏུན་དང་ཀའེ་ཐེ་ན་བཅས་ཀྱིས་གསར་འགོད་པར་ཐུན་མོང་ཐོག་མཇལ་འཕྲད་གནང་བ་རེད།
ཀྲུང་གོ་དང་ཨ་རིའི་དབར་གྱི་འཐབ་ཇུས་དང་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་རེས་ཐེངས་བཞི་པ་དེ་ཕྱི་ལོ་ཀྲུང་གོར་བྱ་རྒྱུ་ཡིན་པ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣