མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་5 ཚེས་10 ཉིན་གློག་འཕྲིན་འབྱོར་གསལ། ཚེས་10 ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་པོའི་གདོང་གཏུག་ཁྲོད་མི་སེར་ལ་སྲུང་སྐྱོང་བྱེད་པའི་གནད་དོན་ཐད་ཡོངས་བསྒྲགས་ངང་གྲོས་བསྡུར་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ཨ་མོ་སི་དང་ཞི་བདེ་སྲུང་སྐྱོང་ལས་ཀའི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ཨ་ལན ·ལེ་ལོའུ་དབྱི་སོགས་དཔོན་རིགས་ཚོགས་འདུར་ཕེབས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལི་པའོ་ཏུང་གིས་གཏམ་བཤད་གནང་སྐབས་དྲག་པོའི་གདོང་གཏུག་ཁྲོད་མི་སེར་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཁྱོན་ཡོངས་ནས་ལག་བསྟར་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གང་བྱུང་དུ་སྒྲོག་འགྲེལ་བྱེད་པའི་བྱེད་སྟངས་ལ་ངོ་རྒོལ་བྱེད་པའམ་ཡང་ན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ནང་སྤྲད་པའི་དབང་ཆ་ལས་བརྒལ་བའི་བྱ་སྤྱོད་སྤེལ་ཏེ་མི་སེར་ལ་སྲུང་སྐྱོང་བྱ་རྒྱུར་ཁ་གཡར་ནས་སྲིད་དབང་བརྗེ་བའམ་ཡང་ན་རྒྱལ་ཁབ་ཀྱི་ནང་འཁྲུག་ནང་ཞུགས་མི་ཆོག་ཅེས་གསུངས་པ་རེད།
ལི་པའོ་ཏུང་གིས་ཀྲུང་གོ་ཕྱོགས་ཀྱིས་མི་སེར་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དེ་དྲག་པོའི་གདོང་གཏུག་ཁྲོད་ཤུགས་རྐྱེན་ངན་པ་ཕོག་པ་དང་འཇིགས་སྐུལ་ཆེན་པོ་ཕོག་པར་དོ་ཁུར་བྱེད་པ་དང་དྲག་པོའི་གདོང་གཏུག་ནང་མི་སེར་ལ་དམིགས་པའི་གཏུམ་སྤྱོད་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།