ཤིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་པ་ལྟར་ན། རི་པིན་ཕུའུ་ཏའོ་གློག་ཁང་དང་པོའི་ཉེ་འཁོར་གྱི་ཚངས་ཕྱེད་སྤྱི་ལེ་ཉི་ཤུ་ཡི་ཁྱབ་ཁོངས་ཉེན་ཟོན་ཁུལ་ནས་ཕྱིར་འཐེན་བྱས་པའི་ཡུལ་མི་ཁག་གཅིག་ཚེས་10ཉིན་གནས་སྐབས་ཕྱིར་ལོག་བྱ་རྒྱུའི་བསམ་འདུན་གྲུབ་ཡོད། ཁྲོན་ནེ་གྲོང་ཚོའི་ཁྱིམ་ཚང་54ཡི་མི་གྲངས་92ཀྱིས་རང་ཁྱིམ་དུ་དགོས་ངེས་ཀྱི་ཅ་དངོས་ལེན་པ་དང་འབྲེལ་སྡོད་ཁང་ལ་གཙང་སྦྲ་བྱས་ནས་ཆུ་ཚོད་གཉིས་ཙམ་བསྡད་ཡོད་པ་རེད།
ས་གནས་དེ་གའི་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེའི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་རྗེས་སུ་ཁྲོན་ནེ་གྲོང་ཚོའི་ཡུལ་མི་རྣམས་ཉེན་ཟོན་ཁུལ་དང་བར་ཐག་སྤྱི་ལེ་གཉིས་ཙམ་ཡོད་པའི་ཁྲོན་ནེ་གྲོང་ཚོའི་གྲོང་མིའི་ལུས་རྩལ་ལྟེ་གནས་སུ་མཉམ་འཛོམས་བྱས་ཏེ་གྲོང་ཚོའི་ལས་བྱའི་ས་ནས་འགྱེད་འཕྲོའི་ཚད་འཇལ་ཡོ་བྱད་དང་། ལུས་སྦྲགས་ཁ་པར་འཕྲུལ་ཆས། འགོག་སྲུང་གྱོན་ཆས་སོགས་བླངས་པས་གལ་ཏེ་གནོད་འཚེ་བྱུང་ཚེ་ཡུལ་མི་ཚོས་ལུས་སྦྲགས་ཁ་པར་འཕྲུལ་ཆས་སྤྱད་དེ་རང་ཉིད་འགྲོ་སའི་རླངས་འཁོར་གྱི་སྣེ་འཁྲིད་པ་དང་དུས་ཐོག་ཏུ་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་པ་རེད།
ཁྲོན་ནེ་གྲོང་ཚོར་གནས་སྐབས་ཁྱིམ་དུ་ལོག་ཆོག་པའི་དུད་ཁྱིམ་ཁྱོན་123ཡོད་པ་དེའི་ནང་ནས་དུད་ཁྱིམ་བཅུ་ཆ་དྲུག་བདུན་ཙམ་གྱིས་ཞུ་ཡིག་ཕུལ་ཡོད་པ་རེད།
ཉེན་ཟོན་ཁུལ་གྱི་ཡུལ་མི་གནས་སྐབས་ཁྱིམ་དུ་ལོག་རྒྱུའི་འཆར་གཞི་དེ་ཕུའུ་ཏའོ་རྫོང་གི་གྲོང་ཁྱེར་དང་། ཏིང་། གྲོང་ཚོ་བཅས་དགུ་དང་འབྲེལ་བ་ཡོད་པས་ཚེས་12ཉིན་ཁྲོན་ནེ་གྲོང་ཚོར་ལྷག་པའི་ཁྱིམ་དུད་དང་ཀེ་ཝུའེ་གྲོང་ཚོའི་ཁྱིམ་དུད་18ཀྱང་གནས་སྐབས་ཕྱིར་ལོག་བྱ་རྒྱུ་ཡིན་པ་དང་ནན་ཤང་མ་གྲོང་ཁྱེར་དང་ལང་ཅང་ཏིང་སོགས་ས་ཁུལ་གྱི་ཕྱིར་འཐེན་ཡུལ་མི་རྣམས་ཟླ་བ་ལྔ་པའི་ཟླ་དཀྱིལ་གྱི་རྗེས་སུ་གནས་སྐབས་ཁྱིམ་དུ་ལོག་རྒྱུ་ཡིན་པ་རེད།