ཐེ་ལན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མ་ཟླ་5ཚེས་10ཉིན་དངོས་སུ་མི་དགོས་པ་བཟོས་པ་དང་འདེམས་བསྐོ་ཆེ་མོ་སྔོན་དུ་བྱ་རྒྱུ་ཡིན་པ་དེའི་དུས་ཚོད་ཟླ་7ཚེས་3ཉིན་ཡིན་པར་གཏན་འཁེལ་རགས་ཙམ་བྱས་ཤིང་། ཙུང་ལི་ཨ་ཕི་ཧྲིས་འགོ་འཁྲིད་པའི་མཉམ་འབྲེལ་སྲིད་གཞུང་དེ་སྲིད་གཞུང་གསར་པ་མ་བདམས་བར་ལྟ་སྲུང་སྲིད་གཞུང་དུ་གྱུར་པ་རེད། ཐེ་ལན་གྱི་ཕྱོགས་ཁག་སོ་སོས་ན་ནིང་ཁྲོམ་ལམ་དུ་ཆབ་སྲིད་ཀྱི་ཕར་རྒོལ་རྒྱུན་ཆད་མེད་པར་བྱས་པས་ཨ་ཕི་ཧྲིས་འདེམས་བསྐོ་ཆེ་མོ་སྔོན་དུ་བྱས་ནས་ཐེ་ལན་གྱི་དུས་བབ་བརྟན་འཇགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་འགལ་ཟླ་རྣོ་ངར་ཁྲོད་འགོ་ཚུགས་པའི་འདེམས་བསྐོ་ཆེ་མོ་དེར་དཀའ་ཚེགས་ཀྱིས་ཁེངས་སྲིད་པ་ནི་སྨོས་མེད་རེད། “འོག་འཇུག་དམར་པོའི་ཤོག་ཁག ”དང “འོག་འཇུག་སེར་པོའི་ཤོག་ཁག ”གཉིས་ལས་སྔ་མས་དྲང་གཞག་གི་འདེམས་བསྐོ་ཆེ་མོ་ཡོད་མི་སྲིད་པའི་ངོས་འཛིན་བྱས་པ་དང་ཕྱི་མས་འདེམས་བསྐོ་ཆེ་མོར་ངོ་རྒོལ་བྱེད་པ་དང་ཐ་ཤིན་ཤོག་ཁག་ལ་སྲིད་སྐྱོང་སྲིད་པའི་གོ་སྐབས་ཕྲན་ཙམ་ཡང་སྤྲོད་འདོད་མེད་པ་རེད།
ཨ་ཕི་ཧྲི་སྲིད་གཞུང་གིས་2008ལོ་ནས་སྲིད་སྐྱོང་འགོ་བརྩམས་པ་དང་དེའི་འགན་འཛིན་ཡུན་ཚད་ད་ལོའི་ལོ་མཇུག་ཏུ་མཇུག་འགྲིལ་རྒྱུའི་སྔོན་གཏན་འཁེལ་བ་རེད། ཟླ་3ཚེས་11ཉིན་ཨ་ཕི་ཧྲིས་རྒྱལ་པོར་ཟླ་5པའི་ཟླ་སྟོད་དུ་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མ་མི་དགོས་པ་བཟོ་རྒྱུར་ཆོག་མཆན་འགོད་རྒྱུ་དང་འདེམས་བསྐོ་ཆེ་མོ་སྔོན་དུ་བྱ་རྒྱུའི་རེ་འདུན་ཞུ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཐེ་ལན་གྱི་རྩ་ཁྲིམས་ལྟར་ན་ཙུང་ལིར་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མ་སྔོན་དུ་མི་དགོས་པ་བཟོ་རྒྱུའི་དབང་ཆ་ཡོད་ནའང་མི་དགོས་པ་བཟོས་རྗེས་ཉུང་མཐར་ཡང་ཉིན་45དང་མང་མཐར་ཡང་ཉིན་60ཡི་ནང་ཚུན་དུ་འདེམས་བསྐོ་གསར་པ་ངེས་པར་དུ་བྱ་དགོས། གྲོས་ཁང་འོག་མ་མི་དགོས་པ་བཟོ་རྒྱུའི་སེམས་ཐག་བཅད་པའི་ཨ་ཕི་ཧྲིས་ཚེས་9ཉིན་གྱི་དགོང་མོར་བཪྙན་འཕྲིན་གཏམ་བཤད་བྱས་ཏེ་རྒྱལ་ཡོངས་མི་དམངས་ལ་དམངས་འདུན་དངོས་གནས་མཚོན་པའི་སྲིད་གཞུང་ཞིག་བདམས་ནས་རྒྱལ་ཁབ་མུ་མཐུད་ཡར་རྒྱས་འགྲོ་བར་སྐུལ་མ་གཏོང་བ་དང་སྤྱི་ཚོགས་དང་ཆབ་སྲིད་གནད་དོན་སྣ་ཚོགས་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།
ཨ་ཕི་ཧྲི་སྲིད་གཞུང་ལ་ན་ནིང་ནས་བཟུང “འོག་འཇུག་དམར་པོའི་ཤོག་ཁག ”(སྒེར་གཅོད་ལ་ངོ་རྒོལ་བྱེད་པའི་དམངས་གཙོ་མནའ་འབྲེལ་གྱི་རྒྱབ་སྐྱོར་བ )གིས་རྒོལ་གཏམ་གཏོང་བའི་ཚ་རླབས་འཕྱུར་བ་དང་། རྗེས་སུ་དེ་སྔོན་ཁོ་པར་རྒྱབ་སྐྱོར་བྱེད་མཁན “འོག་འཇུག་སེར་པོའི་ཤོག་ཁག ”(མི་དམངས་དམངས་གཙོ་མནའ་འབྲེལ་གྱི་རྒྱབ་སྐྱོར་བ )དང་འགལ་བ་བྱུང་སྟེ་ཐེ་ལན་གྱི་ཆབ་སྲིད་དུས་བབ་བརྟན་པོ་མེད་པར་གྱུར། ད་རེས་འདེམས་བསྐོ་ཆེ་མོ་སྔོན་དུ་བྱེད་པའི་གཏན་འབེབས་བྱས་པ་དང་ཨ་ཕི་ཧྲིས་འདེམས་བསྐོ་དེ་གོ་སྐབས་ལེགས་པོར་བརྩིས་ཏེ་འདེམས་དམངས་ལ་འདེམས་སུ་བཅུག་ནས་ཆབ་སྲིད་དུས་བབ་ཐད་ཡུན་རིང་རྩོད་གླེང་རྒྱུན་ཆད་མེད་པའི་དཀའ་གནད་ཐག་གཅོད་བྱ་འདོད་པ་མངོན་གསལ་དོད་པོ་རེད། འོན་ཀྱང་དེང་གི་གླེང་ཕྱོགས་ལས་འདེམས་བསྐོ་ཆེ་མོ་དེས་ཆབ་སྲིད་དུས་བབ་བརྟན་པོ་ཡོང་མིན་ཐད་སྔར་བཞིན་གཟབ་ནན་བབ་ལྟའི་རྣམ་འགྱུར་འཛིན་གྱི་ཡོད།
དབྱེ་ཞིབ་ལས་མངོན་པར་གཞིགས་ན། “འོག་འཇུག་དམར་པོའི་ཤོག་ཁག ”དང “འོག་འཇུག་སེར་པོའི་ཤོག་ཁག ”གི་འགལ་ཟླ་ལས་ཐེ་ལན་སྤྱི་ཚོགས་ཀྱི་རིམ་གྲས་སིལ་འཐོར་གཏིང་ཟབ་མཚོན་པ་དང་མིག་སྔར་ཐེ་ལན་གྱི་ཆབ་སྲིད་སྣང་ཚུལ་དེར་ཕྱོགས་གཉིས་འགྲིག་མཐུན་ཡོང་བར་ཕན་པའི་རྣམ་པ་ཞིག་ཆགས་མེད། “འོག་འཇུག་དམར་པོའི་ཤོག་ཁག ”ནི་གཙོ་བོར་ཞིང་པ་དང་། དབུལ་པོ། ཡོང་འབབ་དམའ་བ་དག་ལས་གྲུབ་པ་དང་ཐ་ཤིན་གྱིས་སྲིད་སྐྱོང་རིང་གི་ཕན་པ་ཐོབ་མཁན་ཡིན། “འོག་འཇུག་སེར་པོའི་ཤོག་ཁག ”ནི་གཙོ་བོར་གོང་མ་ཚང་ལ་སྙིང་ཉེ་བའི་མི་སྣ་དང་། ཚོང་པ། འབྱོར་འབྲིང་རིམ་གྲས་ལས་གྲུབ་པ་དང་ཐ་ ཤིན་གྱིས་སྲིད་སྐྱོང་རིང་ཁེ་ཕན་ལ་གྱོང་རག་མཁན་ཡིན། ཤོག་ཁག་གཉིས་པོའི་དབར་གྱི་འགལ་བ་དེ་འདེམས་བསྐོ་བྱེད་ཐེངས་གཅིག་ལས་ཧ་ཅང་སེལ་དཀའ་བ་རེད།
ཉེ་ཆར་ཚད་ལོན་འདེམས་དམངས་2143ལ་བརྟག་བཤེར་བྱས་པ་ལས་མངོན་པར་གཞིགས་ན། ཐེ་ཏང་ལ་རྒྱབ་སྐྱོར་བྱེད་མཁན་འདེམས་དམངས་ཀྱིས་36.4%ཟིན་པ་དང་། དམངས་གཙོ་ཏང་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་34.1%ཟིན་ཡོད། དམངས་འདུན་ཧ་ལམ་མཚུངས་པ་ལས་ད་རེས་ཀྱི་འདེམས་བསྐོ་ཛ་དྲག་པོ་ཡོད་པ་མཚོན་པ་རེད། གལ་ཏེ་སྲིད་ཏང་གཅིག་ལ་འདེམས་ཤོག་མང་ཐག་ཆོད་མ་ཐོབ་ཚེ་ཇི་ལྟར་བྱས་ནས་ཏང་ཤོག་གཞན་དང་མཐུན་སྦྱོར་གྱི་མཉམ་འབྲེལ་ཐོག་ནས་ནང་བློན་འཛུགས་རྒྱུ་དེ་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རེད། དམངས་གཙོ་ཏང་ལ་རྒྱལ་ཁ་ཐོབ་ཚེ “འོག་འཇུག་དམར་པོའི་ཤོག་ཁག ”གིས་རྔམ་སྟོན་བྱེད་སྒོ་མཚམས་འཇོག་བྱེད་དཀའ་བ་དང་། ཐེ་ཏང་ལ་རྒྱལ་ཁ་ཐོབ་ཚེ་ད་ལྟའི་སྲིད་གཞུང་དང་དམག་ཕྱོགས་ཀྱི་ཐ་ཤིན་ལ་ངོ་རྒོལ་བྱེད་མཁན་ཤོག་ཁག་གི་མི་སྣས་ཀྱང་དེ་མུར་འཇོག་མི་སྲིད། དེར་བརྟེན་འབྱུང་འགྱུར་ཐེ་ལན་གྱི་ཆབ་སྲིད་དུས་བབ་ལ་སྔར་བཞིན་འགྱུར་ལྡོག་འགྲོ་བའི་རྒྱུ་རྐྱེན་གྱིས་ཁེངས་ཡོད་པ་རེད།