ཤིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་གློག་འཕྲིན་འབྱོར་གསལ། དབྱི་རན་ཧྥར་སི་གསར་འགྱུར་ཁང་གིས་ཚེས་9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་ཉིང་རྡུལ་གློག་ཁང་དང་པོ་སྟེ་པུ་ཧྲིར་ཉིང་རྡུལ་གློག་ཁང་གི་ཉིང་རྡུལ་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ལ་ཉིང་རྡུལ་འབར་རྫས་བླུགས་ཟིན་པས་ཟླ་གཉིས་ཀྱི་རྗེས་སུ་དྲ་སྦྲེལ་གློག་འདོན་བྱ་རྒྱུ་རེད།
དབྱི་རན་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱིས་པུ་ཧྲིར་ཉིང་རྡུལ་གློག་ཁང་ལ་ཡོམ་འགོག་ནུས་པ་ལྡན་པ་དང་དེའི་བདེ་འཇགས་མ་ལག་དེ་རྒྱལ་སྤྱིའི་ཚད་གཞི་གསར་ཤོས་དང་མཐུན་པས་རི་པིན་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་ལ་བྱུང་བའི་ཉིང་རྡུལ་ཉམས་ཉེན་དེ་འདྲ་འབྱུང་མི་སྲིད་ཅེས་བརྗོད་པ་རེད།
ཟླ་2པའི་ཟླ་སྨད་དུ་དབྱི་རན་ཕྱོགས་ཀྱིས་ཨུ་རུ་སུའི་ལག་རྩལ་མི་སྣས་ལྕགས་རིགས་ཆུང་ཆུང་ཁ་ཤས་པུ་ཧྲིར་ཉིང་རྡུལ་གློག་ཁང་གི་འཁྱག་བཟོ་མ་ལག་ཏུ་ཐོར་བ་མཐོང་བར་བརྟེན་དབྱི་རན་གྱིས་གནས་སྐབས་སུ་པུ་ཧྲིར་ཉིང་རྡུལ་གློག་ཁང་གི་ཉིང་རྡུལ་འབར་རྫས་ཕྱིར་འདོན་རྒྱུའི་གཏན་འབེབས་བྱས་ཏེ་ཉིང་རྡུལ་གློག་ཁང་གི་བདེ་འཇགས་འགན་ལེན་བྱས་པ་རེད། ཟླ་4པའི་ཟླ་སྟོད་དུ་དབྱི་རན་གྱིས་པུ་ཧྲིར་ཉིང་རྡུལ་གློག་ཁང་གི་ཉིང་རྡུལ་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་སུ་ཉིང་རྡུལ་འབར་རྫས་ལྡུག་འགོ་བརྩམས་པ་མ་ཟད་པུ་ཧྲིར་གློག་ཁང་གི་ཉིང་རྡུལ་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་དེ་ཟླ་5ཚེས་5ནས་ཚེས་10ཉིན་བར་འགྱུར་མཚམས་ཀྱི་རྣམ་པར་སླེབས་རྒྱུ་ཡིན་ཚུལ་བསྟན་པ་རེད།
ཨུ་རུ་སུ་ཕྱོགས་ཀྱི་འགན་འཁུར་བས་དབྱི་རན་ལ་ཉིང་རྡུལ་འབར་རྫས་དང་། སྒྲིག་ཆས། ལག་རྩལ་དང་དེ་བཞིན་མི་སྣའི་གསོ་སྦྱོང་སོགས་བྱས་ཤིང་། ཉིང་ནུས་ལག་རྩལ་སོགས་ཀྱི་གནད་དོན་དང་འབྲེལ་བའི་རྐྱེན་གྱིས་དབྱི་རན་དང་ཨུ་རུ་སུའི་ཉིང་རྡུལ་གློག་ཁང་གི་མཉམ་ལས་ཐད་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྐྱོན་བརྗོད་ཐོག་མཐའ་བར་གསུམ་དུ་ཕོག་པ་དང་ཉིང་རྡུལ་གློག་ཁང་གི་འཛུགས་སྐྲུན་ལས་ཡུན་ཡང་ཡང་འགྱངས་པ་རེད།