མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་6ཉིན་གྱི་ཞོགས་པའི་ཆུ་ཚོད་8དང་ཕྱེད་ཀར་ཀྲུང་གོའི་བོད་ཀྱི་ལྷ་ས་ནས་ནེ་པ་ལའི་ཀ་ཏ་མན་ཏུ་བར་གྱི་རྒྱལ་སྤྱིའི་རྒྱུན་ཚིགས་རླངས་འཁོར་དེ་ལྷ་ས་གྲོང་ཁྱེར་སྣེའུ་འགྲུལ་སྐྱེལ་ས་ཚིགས་ནས་དལ་བུར་གཏོང་འགོ་ཚུགས་ཤིང་། ད་ཐེངས་རྒྱལ་སྤྱིའི་རྒྱུན་ཚིགས་རླངས་འཁོར་དེའི་ནང་ཁ་ལོ་བ་གཉིས་དང་འཁོར་ཞབས་པ་གཅིག་བཀོད་སྒྲིག་བྱས་ཡོད་པ་དང་འགྲུལ་པ་མང་པོ་ཡོད་ལ་ལྷ་སའི་ཞོགས་པའི་ཉི་ཟེར་ཁྲོད་ཀ་ཏ་མན་ཏུའི་ཕྱོགས་སུ་བསྐྱོད་པ་རེད།
འགྲུལ་སྐྱེལ་ས་ཚིགས་ཀྱི་འགན་འཁུར་བས་རྒྱུན་ཚིགས་རླངས་འཁོར་ནི་གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ཞོགས་པའི་ཆུ་ཚོད་8དང་སྐར་མ་30ཐོག་དུས་ཐོག་ཏུ་གཏོང་བཞིན་ཡོད་པ་དང་འགྲུལ་པས་སྔོན་དུ་འགྲོ་ལུགས་ཡག་པོ་གཉེར་རྗེས་ལྷ་ས་གྲོང་ཁྱེར་གྱི་སྣེའུ་འགྲུལ་སྐྱེལ་ས་ཚིགས་སམ་ཡང་ན་ནུབ་འདབས་འགྲུལ་སྐྱེལ་ས་ཚིགས་སུ་སྤ་སེ་ཉོ་དགོས་ལ་སྤ་སེའི་རིན་གོང་ནི་མི་དམངས་ཤོག་སྒོར་522རེད་ཅེས་ངོ་སྤྲོད་བྱས་པ་རེད།
རླངས་འཁོར་དེའི་ནང་ཞུགས་མཁན་པེ་ཅིང་ནས་ཡོང་པའི་ཡུལ་སྐོར་བ་ལུའུ་ཏི་དང་ཐེན་ཧྲོང་གིས་གྲ་སྒྲིག་ཡོངས་སུ་བྱས་ཚར་ཡོད་ཅིང་། ཁོང་ཚོ་ལྷ་སར་འབྱོར་པའི་ཉིན་གཉིས་པ་ཡིན། འཆར་གཞི་ལྟར་ན། ཁོང་ཚོ་སྔོན་ལ་ནེ་པ་ལའི་ཀ་ཏ་མན་ཏུའུ་དང་པོ་ཁ་ལ་སོགས་སུ་ཡུལ་སྐོར་བྱས་རྗེས་ལྷ་སར་ལོག་ནས་བོད་དུ་མུ་མཐུད་དུ་ཡུལ་སྐོར་བྱ་རྒྱུ་རེད། “ང་ཚོའི་འགྲོ་ལུགས་ནི་པེ་ཅིང་དུ་གཉེར་བ་ཡིན། ཧ་ཅང་ལས་སླ་པོ་འདུག ”ཅེས་ལུའུ་ཏིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ནེའི་རྒྱལ་སྤྱིའི་རྒྱུན་ཚིགས་འགྲུལ་སྐྱེལ་རླངས་འཁོར་དེ་2005ལོར་ཤར་གཏོང་བྱས་ནའང་རྗེས་སུ་ཀྲུང་ནེ་བར་གྱི་གཞུང་ལམ་སྒྱུར་བཀོད་དང་འགྲུལ་རྒྱུན་སོགས་ཀྱི་རྐྱེན་པས་འགྲུལ་སྐྱེལ་གཉེར་སྐྱོང་གནས་སྐབས་སུ་མཚམས་བཞག་པ་རེད། ལམ་ཐིག་དེའི་རིང་ཚད་ལ་སྤྱི་ལེ་955ཡོད་པ་དང་ཉིན་གཉིས་ནང་ཀ་ཏ་མན་ཏུར་འབྱོར་གྱི་ཡོད། ཀྲུང་ནེའི་རྒྱལ་སྤྱིའི་རྒྱུན་ཚིགས་རླངས་འཁོར་གཉེར་སྐྱོང་སླར་གསོ་བྱུང་བ་དེས་རྒྱལ་ཁབ་གཉིས་བར་འགྲོ་སྐྱོད་བྱེད་མཁན་ཡུལ་སྐོར་བར་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད། ཕྱོགས་གཉིས་པོས་ཕན་ཚུན་རླངས་འཁོར་གཏོང་བ་དེས་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་སྤེལ་རེས་ཀྱི་བར་ཐག་ཉེ་རུ་འགྲོ་བར་ཕན་འབྲས་ཐོན་ཡོད་ངེས་རེད།