དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མཐོ་སློབ་ཁག་གཅིག་གི་སློབ་མའི་ཡོང་ཁུངས་ཉུང་དུ་ཕྱིན་ནས་སློབ་གྲྭ་ཆགས་འཇིག་གི་གནས་སུ་གྱར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོའི་སློབ་གསོའི་དྲ་བའི་ཐོག 《2011ལོའི་མཐོ་སློབ་སློབ་མ་བསྡུ་བའི་བརྟག་དཔྱད་སྙན་ཞུ 》འགྲེམས་སྤེལ་བྱས་པའི་གྲངས་གཞིའི་ཐོག་ནས་མཐོ་སློབ་རྒྱུགས་སྤྲོད་སློབ་མའི་ཡོང་ཁུངས་རྒྱུན་མཐུད་དེ་ཉུང་དུ་ཕྱིན་པའི་གནས་ཚུལ་འོག་མཐོ་སློབ་ཁག་གཅིག་ཆགས་འཇིག་གི་གནས་སུ་གྱར་བ་མངོན་ཡོད།

        སྙན་ཞུའི་ནང་མི་སྐྱེ་ཚད་ཉུང་དུ་ཕྱིན་པའི་དབང་གིས་རྒྱལ་ཡོངས་ཀྱི་མཐོ་སློབ་རྒྱུགས་སྤྲོད་སློབ་མའི་ཡོང་ཁུངས་དེ་2008ལོར་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་མི་གྲངས་ཁྲི་1050ཟིན་རྗེས་ཕྱོགས་ཡོངས་ནས་ཉུང་དུ་འགྲོ་འགོ་ཚུགས་ཏེ་ཉེ་བའི་ལོ་གཉིས་ནང་མི་གྲངས་ཁྲི་2ཉུང་དུ་ཕྱིན་པ་དང་འབྲེལ་མགྱོགས་མྱུར་ཉུང་དུ་འགྲོ་བའི་རྣམ་པ་ཐོན་ཞིང་། རྣམ་པ་དེ་2017ལོ་ནས་2020ལོའི་གཡས་གཡོན་བར་རྒྱུན་མཐུད་བཟོ་ཡོད་པ་འཁོད་ཡོད།

        སློབ་མའི་ཡོང་ཁུངས་ཉུང་དུ་ཕྱིན་ཡང་མཐོ་སློབ་ཀྱི་སློབ་མ་བསྡུ་བའི་འཆར་གཞི་སྔར་བཞིན་མང་དུ་ཕྱིན་ཡོད། ཉེ་བའི་ལོ་གསུམ་ནང་རྒྱལ་ཡོངས་ཀྱི་མཐོ་སློབ་ཏུ་རྒྱུཌ་སྤྲོད་མཁན་ཆ་སྙོམས་བསྡུ་ཚད་མགྱོགས་མྱུར་མང་དུ་ཕྱིན་ནས་2008ལོའི་57%ནས་2010ལོའི་69.5%བར་མང་དུ་ཕྱིན་ཡོད། བསྡོམས་རྩིས་ལྟར་ན། མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་དུ་སློབ་མ་བསྡུ་ཚད་80%ལས་བརྒལ་བ་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་ལ་85%བརྒལ་ཡོད་པ་རེད། སློབ་མ་བསྡུ་བའི་བསྡུར་ཚད་དེ་པེ་ཅིང་དང་ཧྲང་ཧའེ་སོགས་འཕེལ་རྒྱས་ཆེ་བའི་ས་ཁུལ་དུ་མངོན་ཆ་ཆེ་བ་མ་ཟད། དེ་སྔ “སློབ་གྲྭ་ཆེ་མོར་སྐྱོད་དཀའ་བའི ”སློབ་མའི་ཡོང་ཁུངས་རྒྱ་ཆེ་བའི་ཞིང་ཆེན་དུའང་མགྱོགས་མྱུར་མང་དུ་ཕྱིན་པ་སྟེ། ཧྲན་ཏུང་ཞིང་ཆེན་དུ་2010ལོར་མཐོ་སློབ་སློབ་མ་བསྡུ་ཚད་79.72%ཟིན་པ་དང་ཧུའུ་ནན་ཞིང་ཆེན་གྱི་2009ལོའི་སློབ་མ་བསྡུ་ཚད་56.9%ལས་ཟིན་མེད་པ་དེ་རེད། 2010ལོར་སློབ་མའི་ཡོང་ཁུངས་ཆག་ཚད་ཐད་ཀར་81%ཙམ་དུ་མཐོ་རུ་ཕྱིན་པ་དང་ཧེ་ལུང་ཅང་དུ་2010ལོར་སློབ་མ་བསྡུ་ཚད་90%ཟིན་ཡོད་པ་རེད།

        གཞན་ཡང་ད་དུང་རྒྱུ་རྐྱེན་གཞན་དག་ལས་སློབ་མའི་ཡོང་ཁུངས་ལ་ཤུགས་རྐྱེན་ཐེབས་ཡོད་ཅིང་། ལོ་གསུམ་བསྟུད་མར་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་མི་གྲངས་ཀྱང་སོ་སོར་མང་དུ་ཕྱིན་པ་སྟེ། 24.4%དང་། 27.5% 24.1%བཅས་ཡིན་པ་དེའི་ནང་མང་དུ་འགྲོ་མགྱོགས་ཤོས་ནི་མཐོ་རིམ་སློབ་འབྲིང་ཐོན་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་ཡིན་པ་རེད། ཕྱོགས་མཚུངས་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མའི་ཁྲོད་མཐོ་སློབ་རྒྱུགས་སྤྲོད་ཀྱི་གོ་སྐབས་དོར་བ་དང་། རྒྱུགས་སྤྲོད་ཀྱི་གོ་སྐབས་དོར་བ། འབྱོར་ཐོ་འགོད་པའི་གོ་སྐབས་དོར་བ་བཅས “གསུམ་དོར་བའི ”སྣང་ཚུལ་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

        སློབ་མ་བསྡུ་བའི་བསྡུར་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ་དེས་མཐོ་སློབ་ཀྱི་སློབ་མ་བསྡུ་རྒྱུ་དང་སློབ་མའི་ཡོང་ཁུངས་ཀྱི་སྤུས་ཚད་ལ་ཐད་ཀའི་ཤུགས་རྐྱེན་ཐེབས་ཤིང་། སྙན་ཞུའི་གྲངས་གཞི་ནས་ལུང་དྲངས་ན། ཨན་ཧུའེ་ཞིང་ཆེན་དུ་2010ལོར་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་ལ་འབྱོར་ཐོ་འགོད་པའི་གོ་སྐབས་འདོར་མཁན་སློབ་མ་10%དང་20%སོ་སོར་བྱུང་ཡོད་པ་དང་ས་ཁུལ་ཁག་གཅིག་གི་ཆེད་ལས་ཚན་ཁག་ཏུ་བསྡུ་རྒྱུའི་སྐར་གྲངས་ཧ་ཅང་དམའ་པོ་ཡིན་པ་དེ་ཆ་སྙོམས་སློབ་ཚན་རེའི་སྐར་གྲངས་30ཡང་ཟིན་གྱི་མེད་པས་སློབ་མའི་ཡོང་ཁུངས་ཀྱི་སྤུས་ཚད་ཧ་ཅང་དམའ་རུ་ཕྱིན་ཡོད་པ་རེད། སྙན་ཞུའི་ནང་རང་རྒྱལ་གྱི་མཐོ་སློབ་དཀྱུས་མའི་ཉིན་རེའི་འགྲོ་གྲོན་དེ་གཙོ་བོ་སློབ་མའི་སློབ་ཡོན་ནས་འབབ་ཀྱི་ཡོད་པས་སློབ་མའི་ཡོང་ཁུངས་མི་འདང་ཚེ་སློབ་གྲྭ་སྒོ་རྒྱག་རྒྱུ་ལས་མ་འདས་པའི་ངོས་འཛིན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།