བསྐྱར་སྐྲུན་བྱེད་པར་ནོར་སྲིད་ཀྱི་འགན་ལེན་ཡོད་པ།
རི་པིན་གྱི་གྲོས་ཁང་གོང་མའི་སྔོན་རྩིས་ཨུ་ཡོན་ལྷན་ཁང་གིས་ཟླ་5ཚེས་2ཉིན་2011ལོའི་ལོ་འཁོར་གྱི་ཁ་གསབ་སྔོན་རྩིས་ཇུས་གཞིར་གྲོས་འཆམ་ཐེངས་དང་པོ་བྱས་པ་དང་སྔོན་རྩིས་ཀྱི་བསྡོམས་འབོར་རི་པིན་གྱི་སྒོར་མོ་དུང་ཕྱུང་ཁྲི་4ཡིན་པ་དེ་གཙོ་བོར་ས་ཡོམ་གྱི་གེགས་བར་ཕོག་རྗེས་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་བྱ་རྒྱུ་དང་། གནས་སྐབས་བཀོད་སྒྲིག་ཁང་པ་བསྐྲུན་རྒྱུ། ཞིག་རོ་གཙང་སེལ་བྱ་རྒྱུ་སོགས་ཀྱི་ཐད་སྤྱོད་རྒྱུ་ཡིན་པ་དང་སྔོན་རྩིས་གྲོས་གཞིར་གྲོས་འཆམ་བྱུང་སྟབས་རི་པིན་གེགས་ཁུལ་གྱི་བསྐྱར་སྐྲུན་ཐད་ནོར་སྲིད་ཀྱི་འགན་ལེན་བྱུང་ཡོད།
གོང་ཚེས་ཉིན་གྱི་སྔོན་རྩིས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་རི་པིན་གྱི་དབུ་བཞུགས་བློན་ཆེན་ཅན་ཀྲི་རེན་གྱིས་ད་དུང་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་ལས་འཛོལ་གྱི་ར་སྤྲོད་མཇུག་འབྲས་མ་ཐོན་གོང་གཙོ་བོར་རི་པིན་གྱི་ད་ཡོད་ཉིང་རྡུལ་གློག་ཁང་གི་མེ་ཟོན་ཚད་གཞིར་བཟོ་བཅོས་རྒྱག་རྒྱུ་ཡིན་ཞེས་གསུངས་པ་དང་ཚོགས་འདུའི་ཐོག་ཉིང་རྡུལ་གློག་ཁང་ལ་རྒྱལ་དམངས་བློ་བདེ་མིན་དང་ཅིན་ཀང་རྫོང་ཡུས་ཆན་ཆི་གྲོང་ཁྱེར་གྱི་པིན་ཀང་ཉིང་རྡུལ་གློག་ཁང་བསྐྱར་དུ་སྤྱོད་མིན་སོགས་ཀྱི་གནད་དོན་དེ་ཅན་ཀྲི་རེན་གྱིས་འདྲི་རྩད་དང་ལེན་བྱེད་པའི་འགག་གནད་དུ་གྱུར་ཡོད།
རླུང་འཚུབ་ཀྱི་ལྟེ་གནས་དེ་སྔོན་མ་ནས་རླུང་མེད་ཆར་མེད་ཅིག་ཡིན།
ཟླ་3ཚེས་11ཉིན་གོད་ཆག་ཚབས་ཆེན་ཕོག་མྱོང་བའི་རི་པིན་དེ་མི་མང་པོ་ཞིག་གི་ངོས་ནས་བཤད་ན་གཏམ་རྒྱུད་ཁྲོད་ཀྱི་འཇིགས་སྣང་ཆེ་བའི་ཁུལ་ཞིག་ཏུ་གྱུར་ཡོད། རིམ་པ་དགུ་པའི་ས་ཡོམ་དྲག་པོ་དང་། མཐོ་ཚད་སྨི་བཅུ་གྲངས་ཡོད་པའི་མཚོ་ཡོམ། རིམ་པ་བདུན་པའི་ཉིང་རྡུལ་གློག་ཁང་གི་ལས་འཛོལ། ཡོམ་འཕྲོ་རྒྱུན་ཆད་མེད་པར་རྒྱག་པ་སོགས་ཉེན་ཁ་མང་པོ་གནས་པའི་འོག་གི་རི་པིན་ལ་མི་རྣམས་ཀྱིས་བལྟ་བ་ལས་འགྲོ་མི་ནུས་པ་ཞིག་ཏུ་གྱུར་ཡོད།
ཉིང་རྡུལ་ཤོར་བ་ལས་བྱུང་བའི་རྒྱ་ཁྱབ་དང་གཏིང་ཟབ་པའི་ཤུགས་རྐྱེན་དེ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་ཕྱིན་སྟབས་ཏུང་ཅིང་ལ་བཅངས་པའི་ཕྱི་རྒྱལ་བ་ཚོའི་སྐྲག་སྣང་དེའང་གོད་ཆག་བྱུང་མ་ཐག་པའི་སྐབས་ལས་ཧ་ཅང་ཆེ་རུ་ཕྱིན་ཡོད། ས་ཡོམ་བརྒྱབ་རྗེས་ཀྱི་ཟླ་བ་གཅིག་ལྷག་ཙམ་ནང་བློ་མི་བདེ་བའི་བསམ་ཚུལ་འཆང་བཞིན་དུ་ཏུང་ཅིང་དུ་ཕྱིར་ལོག་བྱས་པའི་གྲོགས་པོ་ཚོས “ཕྱིར་ལོག་བྱས་རྗེས་དེ་གར ‘རྒྱུན་གཏན་མེད་པའི་གནས་ཚུལ་འོག་རྒྱུན་གཏན་ཡོད་པ ’ཤེས་ཀྱང་སེམས་ནང་གི་སེམས་ཁྲལ་དེ་འཇགས་དཀའ་བ་ཞིག་ཏུ་གྱུར་སོང ”ཞེས་ཤོད་ཀྱི་ཡོད།
ཕུའུ་ཏའོ་དང་བར་ཐག་སྤྱི་ལེ་200ལྷག་ཙམ་ཆོད་པའི་ཏུང་ཅིན་ནི་ཡང་སྙིང་རྒྱུན་གཏན་མེད་པ་ཡིན་ནམ་ཡང་ན་རྒྱུན་གཏན་ཡོད་པ་ཡིན་ནམ།
ཉིན་དེའི་མཚན་མོའི་ཆུ་ཚོད་གཉིས་རིང་འཁྲུག་ཆེ་བའི་དུས་ཐོག་ཏུ་གཏོང་བའི་གནམ་གྲུ་དེ་ཏུང་ཅིང་གི་ཁྲེང་ཐན་གནམ་གྲུ་ཐང་དུ་བབས་སྐབས་གསར་འགོད་པས་རྒྱལ་སྤྱིའི་དུས་གཏོང་གནམ་གྲུའི་དོ་པོ་འཁོར་སྟེགས་དེ་གཅིག་ལས་སྐོར་བ་རྒྱག་གི་མེད་པ་མཐོང་བྱུང་། ས་མཚམས་ནང་འཛུལ་བའི་འགྲོ་ལུགས་གཉེར་རྒྱུ་སྟབས་ཧ་ཅང་བདེ་བ་དང་གྲལ་སྒྲིག་མཁན་རྩ་བ་ནས་མི་འདུག ཡིན་ནའང་ན་ནིང་དབྱར་ཁར་ས་གནས་དེ་གར་ངས་སེམས་འཚབ་ངང་གྲལ་རིང་པོ་ཞིག་གི་མཇུག་ཏུ་ལངས་ཏེ་ས་ཁོངས་ནང་འཛུལ་རྒྱུའི་འགྲོ་ལུགས་གཉེར་རྒྱུར་སྒུག་བསྡད་དགོས་བྱུང་། གཞན་ཡང་ད་རེས་ང་དང་མཉམ་དུ་གནམ་གྲུ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ནང་བསྡད་དེ་གྲོང་ཁྱེར་དུ་འགྲོ་མཁན་མི་གསུམ་ཁོ་ན་ལས་མི་འདུག ་
སྡོད་གནས་ཉེ་འགྲམ་གྱི་ཐང་ཆེན་ཆུང་ངུའི་ཐོག་མི་རྣམས་ཀྱིས་སྔར་བཞིན་ཉིན་དགུང་གི་ཉི་འོད་རང་དགར་ལོངས་སྤྱོད་བྱེད་བཞིན་འདུག རྒྱུས་མངའ་ཆེ་བའི་ཚོང་ར་དང་ཟ་ཁང་བརྒྱུད་སྐབས་མི་ཚོར་ཐམས་ཅད་རྒྱུན་གཏན་ཡོད་པ་ཞིག་གི་ཚོར་བ་ཡོང་གི་འདུག ངའི་བསམ་བློའི་ནང་གི་གྲོང་མི་ཚོ་དངངས་འཚབ་ཆེ་བ་དང་གོམ་པ་མགྱོགས་པོ་སྤོ་བ་དང་ཟ་ཁང་དང་ཚོང་ཁང་སོགས་ཀྱི་ཚོང་བྲིན་ཁ་ཧ་ཅང་རྒྱུག་པོ་མེད་པའི་སྣང་ཚུལ་དེ་འདྲ་མི་འདུག ས་གནས་དེ་གའི་གྲོགས་པོ་ཞིག་གིས་རླུང་འཚུབ་དྲག་པོ་བརྒྱབ་པའི་ལྟེ་གནས་ནི་སྔར་་བཞིན་ལྷིང་འཇགས་དང་ཆར་རླུང་གང་ཡང་མེད་ཅེས་གསར་འགོད་པར་བཤད་བྱུང་།
རླངས་འཁོར་འཇོག་ཐང་ལྟ་སྲུང་བྱེད་མཁན་ཨ་ཁུ་དེ་ཉིན་ཤས་རིང་མཐོང་མ་བྱུང་བས་སྤྲོ་སེམས་ཆེན་པོའི་ངང་ཁོང་དང་སྐད་ཆ་ཤོད་སྐབས་ཁོང་གིས་ང་མཐོང་བར་ཧང་སངང་སོང་། ང་ལ་ཁྱེད་འདི་གར་ཡོང་ནས་ག་རེ་བྱ་རྩིས་ཡོད་དམ་ཞེས་བཤད་བྱུང་། ངས་རང་འབབ་ཆུ་ཀ་ལའི་ཆུ་འཐུང་ཆོག་པ་ཞིག་འདུག་གམ་ཞེས་དྲིས་པས་ང་ནི་ལོ་ཆེན་པོ་འདི་འདྲ་ཞིག་ལ་སླེབས་པས་འཐུང་གི་ཡོད་ཅེས་ལན་བཏབ་བྱུང་།
འགྱིག་སྣོད་ནང་བླུགས་པའི་ཆུ་ཁྱིམ་ཚང་རེས་གཅིག་ལས་མ་ཉོ་རོགས།
ཏུང་ཅིང་ཏུ་སླེབས་མ་ཐག་གྲོགས་པོས་མཁའ་རླུང་དང་རང་འབབ་ཆུ་ཀ་ལའི་ཞིབ་བཤེར་བྱས་པའི་གཞི་གྲངས་ང་ལ་གང་མགྱོགས་བསྐུར་ཏེ་དུས་ཐོག་ཏུ་གཞི་གྲངས་ལ་ལྟ་དགོས། སྐབས་འགར་གྲངས་གཞིའི་ཧེ་བག་ཧ་ཅང་ཆེ་བས་ཁྱེད་ཀྱི་བློ་ལ་ངེས་དགོས་ཞེས་མངགས་བཅོལ་བྱས་བྱུང་། ཏུང་ཅིང་གི་ལུས་ཁམས་བདེ་ཐང་དང་བདེ་འཇགས་ཞིབ་འཇུག་ལྟེ་གནས་ཀྱིས་ཉིན་ལྟར་གྲོང་ཁུལ་གྱི་ཤིན་ཧྲུའུ་ཁུལ་རྒྱུད་ནས་ཆུའི་དཔེ་བླངས་ཏེ་ཏེན་131དང་། སེས་134 སེས་137བཅས་འོད་འཕྲོའི་རང་བཞིན་གྱི་རྒྱུ་རིགས་གསུམ་གྱི་བསྡུར་ཚད་ཚད་འཇལ་གཏན་འཁེལ་བྱས་ཀྱང་ཉིན་གོང་མའི་གཞི་གྲངས་ལས་ཁྱབ་བསྒྲགས་བྱེད་ཀྱི་མེད།
ཚགས་པར་སྐྱེལ་མཁན་ཕོ་གསར་དེ་ཡོང་ནས་གསར་འགོད་པར་ཚགས་པར་མངགས་ཉོ་བྱེད་མཁན་ཕྱི་རྒྱལ་བ་མང་པོ་ཞིག་ཚུར་ལོག་མི་འདུག་ཅེས་བཤད་བྱུང་། ད་དུང་ཁོང་གིས་གལ་སྲིད་རང་འབབ་ཆུ་ཀ་ལའི་ཆུ་འཐུང་ན་ཁྱེད་ལ་ཕྲུ་གུ་ཞིག་དགོས་བསམ་ཡང་སྟོང་བསམ་རེད་ཅེས་ཡང་ཡང་བཤད་བྱུང་། ཁོང་གིས་ད་ལྟ་འགྱིག་སྣོད་ནང་བླུགས་པའི་ཆུ་ཁོ་ན་ལས་འཐུང་ཐབས་བྲལ་སོང་།
རི་པིན་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཞའོ་ཝུའུ་ས་ཡོམ་བརྒྱབ་རྗེས་ཀྱི་གཟའ་འཁོར་གཉིས་པར་རྒྱལ་ནང་ནས་ཏུང་ཅིང་དུ་ཕྱིར་ལོག་བྱས་རྗེས་དེ་སྔོན་འཁྲུག་ཆ་དོད་པ་དང་རྒྱལ་ཁབ་ཁག་གི་རི་པིན་དུ་སློབ་སྦྱོང་བྱེད་མཁན་སློབ་མ་སྡོད་སའི་ཁང་པར་ད་ཆ་གློག་འོད་མང་ཤོས་ཀྱི་ཐོག་བརྩེགས་ཁང་པ་སྟར་པ་གཅིག་ནང་གློག་སྤོར་བའི་སྒེའུ་ཁུང་ཁ་ཤས་ལས་མཐོང་རྒྱུ་མི་འདུག སྟར་པ་གཅིག་ཏུའང་གློག་སྤོར་མཁན་གཅིག་ཀྱང་མེད་པ་མཐོང་བས་ཪྙོག་འཛིང་ཆེ་བའི་བསམ་ཚུལ་ཁྲོད་ཞའོ་ཝུའུ་ཡིས་མུ་མཐུད་དེ་གར་སློབ་སྦྱོང་བྱེད་ཀྱི་ཡོད།
གསར་འགོད་པས་ཏུང་ཅིང་སྒོ་རྩིས་ཚོང་ཁང་ནང་དུ་མཁོ་སྤྲོད་རྩ་བའི་ཆ་ནས་རྒྱུན་གཏན་ལྟར་ཡོད་པ་དང་དེ་སྔོན་སྟོང་རྐྱང་ཡིན་པའི་ཟ་ཆས་དང་འཐུང་ཆུའི་ཟོག་སྒྲོམ་ཐོག་ད་ལྟ་དངོས་པོས་ཁེངས་འདུག སྒོ་རྩིས་ཚོང་ཁང་ལ་ལའི་མདུན་དུ་འགྱིག་སྣོད་ནང་བླུགས་པའི་ཆུ་ཁྱིམ་ཚང་རེས་གཅིག་ལས་མ་ཉོ་རོགས་ཞེས་པའི་ཡི་གེ་བྲིས་འདུག མི་ཚོས་སྔོ་ཚལ་ཉོ་སྐབས་ཀྱང་གཟབ་ནན་བྱས་ཏེ་ཕུའུ་ཏའོ་སོགས་ས་ཁུལ་ནས་ཐོན་པའི་སྔོ་ཚལ་དང་ཤིང་འབྲས་ལ་རེག་རྒྱུར་གཟབ་ནན་བྱེད་ཀྱི་ཡོད།
མིག་སྔར་གེགས་ཁུལ་གྱི་གེགས་བར་ཕོག་མཁན་ཁ་ཤས་བཀོད་སྒྲིག་ཁང་པའི་ནང་སྡོད་རྒྱུའི་བསམ་འདུན་དེ་ད་དུང་འགྲུབ་ཐུབ་མེད་ཀྱང་ཟླ་བ་གསུམ་པའི་ཟླ་དཀྱིལ་དང་བསྡུར་ན་ཏུང་ཅིང་ནི་ཧ་ལམ་ཐམས་ཅད་རྒྱུན་གཏན་དུ་གྱུར་ཡོད། ཡིན་ནའང་རྒྱུན་གཏན་མིན་པའི་སྣང་ཚུལ་མང་པོ་ཞིག་མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ནས་མངོན་གྱི་འདུག