དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རོ་མ་ནི་ཡས་ལྷོ་རྒྱུད་དུ་ཨ་རིའི་འཕུར་མདའ་འགོག་པའི་མ་ལག་བཀོད་སྒྲིག་བྱ་རྒྱུར་ཆོག་མཆན་སྤྲད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་དུ་པུ་ཆ་རེ་སི་ཐེ་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་རོ་མ་ནི་ཡའི་ཙུང་ཐུང་པའེ་སའེ་སི་ཁུའུ་ཡིས་རོ་མ་ནི་ཡའི་ཆེས་མཐོའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་ལྷོ་རྒྱུད་ཨོའར་ཐེ་རྫོང་དུ་གནས་པའི་ལོ་མང་རིང་བེད་སྤྱོད་བྱེད་མཚམས་བཞག་པའི་ཏེ་ཝུའེ་སའེ་ལུའུ་མཁའ་དམག་རྟེན་གཞིར་ཨ་རིའི་འཕུར་མདའ་འགོག་པའི་མ་ལག་བཀོད་སྒྲིག་བྱ་རྒྱུར་ཆོག་མཆན་སྤྲད་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།

        པའེ་སའེ་སི་ཁུའུ་ཡིས་དེ་ཉིན་ཙུང་ཐུང་ལས་ཤག་ཏུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་རོ་མ་ནི་ཡའི་ཆེས་མཐོའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྟེན་གཞི་དེའི་ཆ་ཤས་གཅིག་ཨ་རིའི་འཕུར་མདའ་འགོག་པའི་མ་ལག་བཀོད་སྒྲིག་བྱ་རྒྱུར་སྤྱོད་རྒྱུ་རེད་ཅེས་གསུངས་ཤིང་། ཁོང་གིས་འཕུར་མདའ་འགོག་པའི་མ་ལག་བཀོད་སྒྲིག་བྱས་པ་དེ་ཐོག་ནས་རྟེན་གཞི་དེ་ཨ་རིའི་དམག་དཔུང་གི་རྟེན་གཞིར་འགྱུར་བ་མཚོན་མེད་པ་དང་དེའི་བཀོད་འདོམས་དབང་ཆ་སྔར་བཞིན་རོ་མ་ནི་ཡའི་མཁའ་དམག་གིས་འཛིན་རྒྱུ་རེད་ཅེས་ནན་གསུངས་གནང་བ་རེད། ཨ་རིའི་དམག་དོན་ཚོད་འཛིན་དང་རྒྱལ་སྤྱིའི་བདེ་འཇགས་ལས་དོན་ལ་འགན་འཁུར་མཁན་རྒྱལ་དོན་བློན་ཆེན་གཞོན་པ་ཨའེ་ལུན ·ཐའོ་ཧྲེས་མིག་སྔར་རོ་མ་ནི་ཡར་འཚམས་འདྲི་གནང་བཞིན་ཡོད་པ་དང་འབྲེལ་ཏེ་ཝུའེ་སའེ་ལུའུ་རྟེན་གཞིའི་ས་ཆ་དངོས་སུ་རྟོག་ཞིབ་གནང་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཏེ་ཝུའེ་སའེ་ལུའུ་རྟེན་གཞི་དེ་2002ལོ་ནས་བེད་སྤྱོད་གཏོང་མཚམས་བཞག་ཡོད་པ་དང་མིག་སྔར་དམག་མི་ཉུང་ཤས་ཤིག་གིས་ལྟ་སྲུང་བྱེད་བཞིན་ཡོད་པ་དང་བེད་མེད་དུ་བཞག་པའི་དམག་སྤྱོད་གནམ་གྲུ་ཐང་དེའི་རྒྱ་ཁྱོན་སྤྱི་ཆིང་500ཟིན་པ་མ་ཟད་བཀོད་པ་ཡང་ཡག་པོ་ཡོད་པ་རེད།

        2010ལོའི་ཟླ་2ཚེས་4ཉིན་རོ་མ་ནི་ཡའི་ཆེས་མཐོའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་རོ་མ་ནི་ཡ་དེ་ཉིད་ཨ་རིའི་ཡོ་རོབ་ཏུ་ཡོད་པའི་འཕུར་མདའ་འགོག་པའི་མ་ལག་གསར་པའི་ནང་ཞུགས་རྒྱུའི་གཏན་འབེབས་བྱས་ཤིང་། སྐབས་དེ་དུས་པའེ་སའེ་སི་ཁུའུ་ཡིས་རོ་མ་ནི་ཡའི་བྱེད་ཐབས་དེ་ནི་ཨུ་རུའུ་སུར་དམིགས་པ་ཞིག་གཏན་ནས་མིན་པར་དེ་ནི་ཕྱོཌ་གཞན་དག་གི་ཉིང་རྡུལ་གྱི་ཉེན་ཁར་དོགས་ཟོན་བྱ་ཆེད་ཡིན་ཞེས་ནན་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།