མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5 ཚེས་3 ཉིན་གློག་འཕྲིན་འབྱོར་གསལ། ཚེས་3 ཉིན་བྱང་ཆིངས་མཚོ་དམག་གི་ལི་པི་ཡའི་དམག་དོན་བྱ་སྤྱོད་ཀྱི་འགན་འཁུར་མཁན་མཚོ་དམག་གི་ཀྲུང་ཅང་དམག་དཔོན་ལི་ནེ་ཏོ ·ཝུའེ་རུའེ་ཡིས་བྱང་ཆིངས་ཀྱི་དམག་འཐབ་གནམ་གྲུས་ཁ་ཀྲ་ཕེས་མི་སེར་ལ་དམིགས་པའི་འཇབ་རྒོལ་གྱི་བྱ་སྤྱོད་མཐའ་དག་མཚམས་འཇོག་མ་བྱས་བར་མུ་མཐུད་ཁ་ཀྲ་ཕེའི་དཔུང་སྡེར་གནོན་ཤུགས་སྤྲོད་རྒྱུ་རེད་ཅེས་བཤད་པ་རེད། ཁོང་གིས་ལི་པི་ཡའི་དུས་བབ་འཕེལ་མེད་སོར་གནས་སུ་ལུས་པ་ཁས་མ་བླངས་པ་དང་ཁ་ཀྲ་ཕེའི་ས་ངོས་དཔུང་སྡེ་ཁ་ཐོར་དུ་སོང་ཡོད་པས་བྱང་ཆིངས་ཀྱིས་མིག་སྔར་ནུས་ཤུགས་ཡོད་རྒུས་ཁ་ཀྲ་ཕེ་དང་དེའི་དཔུང་སྡེ་དབར་འབྲེལ་བ་བྱེད་མཚམས་ཆད་པ་བྱེད་ཀྱི་ཡོད་ཅེས་བཤད།
གཞན་ཡང་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་3 ཉིན་ཐུར་ཁེའི་ཙུང་ལི་ཨེའར་ཏོ་ཨན་གྱིས་ཁ་ཀྲ་ཕེས་ལི་པི་ཡའི་མི་དམངས་དང་ལི་པི་ཡའི་འབྱུང་འགྱུར་ལ་བསམ་བློ་བཏང་ནས་དབང་ཆ་འཕྲལ་དུ་རྩིས་སྤྲད་དེ་ལི་པི་ཡ་ནས་ཁ་བྲལ་དགོས་ཞེས་བཤད་པ་དེ་ནི་ཐུར་ཁེ་ཕྱོགས་ཀྱིས་ལི་པི་ཡར་ཡོངས་བསྒྲགས་ངང་རྣམ་འགྱུར་དྲག་པོ་སྟོན་ཐེངས་དང་པོ་དེ་ཡིན་པ་རེད།
ཨེ་ཅིབ་ཀྱི 《ཅིན་ཙེ་ཐ་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་3 ཉིན་ལི་པི་ཡའི་ངོ་རྒོལ་ཤོག་ཁག་རྩ་འཛུགས་ཀྱི “རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང ”གི་ཕྱི་འབྲེལ་ལས་དོན་གྱི་གཙོ་འགན་འཁུར་མཁན་དཔོན་རིགས་ཨ་སེ་ཝུའེ་ཆེད་གཏོང་གནམ་གྲུར་བཞུགས་ནས་ཐུ་ནི་སི་ནས་ཨེ་ཅིབ་ཏུ་ཕེབས་ཏེ་ཨེ་ཅིབ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་ཁྲིད་པས་ཉེ་ཤས་རིང་ལི་པི་ཡའི་དུས་བབ་ཐད་གླེང་མོལ་གནང་བ་དང་སྦྲགས་འཐུས་མི་བཏང་ནས་ལི་པི་ཡར་ཚེས་5 ཉིན་འཚོག་རྒྱུའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཛ་དྲག་གི་ཕྱི་འབྲེལ་དཔོན་གྱི་ཚོགས་འདུར་ཞུགས་ནས་སྐབས་རྗེས་མའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་འདེམས་པའི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་རེད།
མཁའ་ཐོག་འཇབ་རྒོལ་ཁྲོད་ཤི་བའི་ཁ་ཀྲ་ཕེའི་བུ་དང་ཚ་བོ་ཚེས་2 ཉིན་ཐི་རི་ཕོ་ལིར་དུར་འཇུག་བྱས་པ་རེད། ཁ་ཀྲ་ཕེར་རྒྱབ་སྐྱོར་བྱེད་མཁན་སྟོང་ཕྲག་ཁ་ཤས་ཀྱིས་ཁྲོམ་སྐོར་བྱས་ཏེ་དགྲ་ཤ་ལེན་རྒྱུའི་འབོད་ཚིག་སྐད་གསང་མཐོན་པོས་སྒྲོག་པ་རེད། ཨ་རབ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཁ་ཀྲ་ཕེར་རྒྱབ་སྐྱོར་བྱེད་མཁན་ལི་པི་ཡ་སྲིད་གཞུང་དམག་གིས་ཚེས་ 2 ཉིན་གྱི་དགོང་མོ་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་ནུབ་རྒྱུད་རི་ཁུལ་དུ་གསང་བའི་ངང་ཕར་རྒོལ་བྱས་པ་དང་དངོས་སུ་མཐོང་མཁན་གྱིས་ལི་པི་ཡའི་ལྷོ་ནུབ་རྒྱུད་ཀྱི་ཅིན་ཏན་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཉུང་མཐར་ཡང་འབར་མདེལ་10ལྷུང་སོང་ཞེས་བཤད།
ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་དང་ཁུ་པའི་ཕྱི་འབྲེལ་པུས་ཚེས་ 2 ཉིན་སོ་སོར་གསལ་བསྒྲགས་སྤེལ་ནས་བྱང་ཆིངས་མཉམ་འབྲེལ་དམག་གིས་ལི་པི་ཡར་མཁའ་ཐོག་འཇབ་རྒོལ་བྱས་ནས་ཁ་ཀྲ་ཕེའི་ནང་མི་བསད་པའི་གནད་དོན་དེར་རྒོལ་གཏམ་བཏང་བ་དང་དེས་ལི་པི་ཡའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་ཕན་པ་མེད་པའི་ངོས་འཛིན་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་ནེ་ཤིའར་ཅི་ཡིས་ཚེས་2 ཉིན་ཉིའུ་གཡོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐི་རི་ཕོ་ལིའི་རྒྱལ་སྤྱིའི་ལས་བྱེད་པ་12 དེ་དག་ཚེས་1 ཉིན་གནས་སྐབས་ཕྱིར་འཐེན་བྱ་རྒྱུ་ཡིན་རུང་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཉམ་ལས་རོགས་ཟླས་སྔར་བཞིན་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཧུར་ཐག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།